- 放大
- 缩小
- 默认
ཤིང་ཕོ་འབྲུག་གི་ལོའི་འབྱུང་རྩིས།

སྤྱི་ལོའམ་ཕྱི་ལོ༢༠༢༤བ་ནི་བོད་རྩིས་ཀྱི་རབ་བྱུང༡༧པའི་བགྲང་བྱ༣༨པ་ཁྲོ་མོ་ཞེས་པའི་ལོ་སྟེ།རྒྱ་རྩིས་སུ་གྲགས་པའི་མ་ཧཱ་ཙི་ནའི་ཧོང་ལིས(黄历)ཀྱི་ཅ་ཁྲིན(甲辰)ལོ་དང་།འབྱུང་རྩིས་སམ་ནག་རྩིས་ལྟར་ན། ལོ་རྒན་དྲུག་ཅུའི་ཐོག་མ་ཤིང་བྱི་ནས་བརྩིས་པའི་བགྲང་བྱ་ཞེ་གཅིག་པ་ཤིང་ཕོ་འབྲུག་གི་ལོའོ།།
བོད་ལུགས་འབྱུང་རྩིས་ཀྱིས་གཙོ་བོ་བརྩི་བྱའི་སྲོག་དང་ལུས།དབང་ཐང་།ཀླུང་རྟ།བླ་བཅས་ཀྱི་འབྱུང་ལྔའི་ཁམས་ལ་བརྟེན་ནས་བདེ་སྡུག་ལེགས་ཉེས་ཚོད་དཔོག་བྱེད་པ་ཡིན།ཤིང་འབྲུག་ལོའི་སྲོག་གི་ཁམས་ས་ཡིན་ཞིང་།ལུས་མེ།དབང་ཐང་ཤིང་།ཀླུང་རྟའི་ཁམས་ཤིང་དང་ཀླུང་ལྷ་གནས་ཕྱོགས་ཤར། བླའི་ཁམས་མེ་སྟེ། འབྱུང་བ་གསུམ་ལྡན་ཡིན་ཞིང་།གནམ་ལོའི་སྨེ་བའམ་དགུ་གླིང་དབུས་ཀྱི་སྨེ་བ་གསུམ་མཐིང་ལ་བབ་འདུག་ལ། ལོ་འདིའི་དབང་ཐང་སྲོག་གི་དགྲར་སོང་ཡོད་པས་འདུན་ཁུར་ཟེར་བའི་ལོ་ལ་བབ་འདུགབརྩི་བྱའི་སྲོག་ལུས་དབང་ཀླུང་སོགས་འབྱུང་རྩིས་རང་གཞུང་གི་མ་བུ་དགྲ་གྲོགས་བརྩི་སྲོལ་ལྟར་དུ་གནམ་ལོའི་སྲོག་སོགས་དང་འཐབ་པའི་རྩིས་འབྲས་རྣམས་ལོ་ཐོ་རྒྱས་པ་དང་། འབྱུང་རྩིས་ཀྱི་གཞུང་གི་འབྲས་བཤད་ནག་འགྲོས་སུ་བཀོད་པ་དག་ལས་ཤེས་པར་བྱས་ཏེ་སྤང་བླང་ཚུལ་བཞིན་དུ་བྱའོ།།
ལོ་འདིའི་ལོ་ལྷ་ཤིང་ཕོ་འབྲུག་གནས་ཕྱོགས་ཤར་ལྷོ་ཡིན་ཞིང་། ལོ་བདུད་དམ་བདུན་ཟུར་གྱི་ཕྱོགས་ནུབ་བྱང་དང་། ལྷོ་སྨད་དང་ནུབ་སྟོད་ས་བདག་མི་གནས་པའི་བཀྲ་ཤིས་པའི་ཕྱོགས་སམ་ཕྱོགས་གཙང་ཡིན་པས།ཤིང་འབྲུག་ལོའི་ལེགས་སྤེལ་ཉེས་སྤོང་གི་རིམ་གྲོ་ལ་དམིགས་པའི་རྟེན་འབྲེལ་ཆོ་ག་དང་བསྲུང་བཟློག་གི་རིགས་དེ་ཕྱོགས་སུ་སྤེལ་འོས་པ་ཡིན།
འབྱུང་རྩིས་ཀྱི་གཞུང་དཔག་བསམ་ལྗོན་པ་ལས། དེ་ལ་རྩུབ་བདུན་འདི་ལྟ་སྟེ། ། རང་ཀེག་རང་ལོ་གནམ་ལོ་གཅིག ། བདུན་ཟུར་རང་ལོ་ནས་བགྲང་བའི། ། བདུན་པ་གནམ་ལོར་ཤར་བ་དང་།།ཁྱིམ་མཚེས་གནམ་ལོར་དབང་ཐང་གཅིག།མཐུན་གསུམ་རང་ལོ་ནས་བགྲང་བའི། ། ལྔ་དགུ་གང་རུང་གནམ་ལོར་ཤར། ། སྐྱ་མདའ་བཟའ་ཤུག་སྤར་ཁ་གཅིག ། སྲི་ངན་ཕ་མེས་ཤི་དུས་ཀྱི། ། ལོ་གྲངས་སྤར་སྨེའི་སྟེང་དུ་སླེབ།།རང་སྐྱེས་སྤར་ཁའི་སྟེང་སླེབ་ན།།གསང་ཀེག་རྩུབ་པར་ཤེས་པར་བྱ།།ཞེས་དང་།དགུ་མིག་ལོ་གྲངས་སྤར་སྨེ་གསུམ།།ལོ་གྲངས་དགུ་དང་བཅོ་བརྒྱད་སོགས།།སྤར་ཁ་ཕོ་ལི་མོ་ཁམ་སྟེ། ། སྨེ་བ་དབུས་སུ་ཆུད་པ་ཡིན། ། ཞེས་རྩུབ་ཆགས་ཀྱི་རྣམ་གྲངས་དུ་མ་བསྟན་པ་ལས། ལོ་འདིར་སྤྱིར་ལོ་རེས་འབྲུག་ཅན་རྣམས་རང་ཀེག་རྩུབ་པ་ལ་བབ་ཡོད་ཅིང་།བྱེ་བྲག་ལོ་རེས་ཤིང་འབྲུག་ཅན་རྣམས་རང་ལོ་ལ་བབ་ཡོད་པས་ལོ་ཀེག་ལ་གཟབ་དགོས།རྩིས་གཞུང་དུ་མི་ཕོའི་ཀེག་བསུ་དང་བུད་མེད་ཀྱི་ཀེག་སྐྱེལ་བྱ་དགོས་པར་གསུངས་ཡོད་པ་ལྟར།ཕོ་སྐྱེས་ཚོས་རང་ལོ་རེ་གཅིག་པ་སླེབ་ཁའི་ལོ་སྔོན་མ་དེ་དང་། མོ་སྨན་རྣམས་ཀྱིས་རང་ལོ་རེ་གཅིག་པ་སར་རྗེས་ཀྱི་ལོ་དེ་ལ་འཕྲོད་བསྟེན་རིམ་གྲོར་ལྷག་པར་དོ་སྣང་བྱེད་པའི་སྲོལ་ཡོད་དོ།།
ལྗོན་ཤིང་གེལ་བའི་གར་སྟབས་དང་འགྲོགས་པའི།།གཡུ་འབྲུག་སྐད་སྙན་དལ་གྱིས་སྒྲོག་དང་ལྷན།།དགེ་ལེགས་མེ་ཏོག་ཆར་དུ་བསྙིལ་བ་ཡིས།།ཕྱོགས་ཀྱི་འཁོར་ལོ་འགེངས་པའི་བཀྲ་ཤིས་ཤོག།