གུང་ཧོ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུའུ་ཡིས་དམངས་ལ་བདེ་སྐྱིད་བསྐྲུན་པ།

《 海南报-藏文 》( 2025年07月02日 第 02 版 )

རང་ཚགས་པར་གྱི་འཕྲིན།ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོའི་བྱ་འགུལ་སྤེལ་བའི་རིང་ལ།གུང་ཧོ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུའུ་ཡིས་མི་དམངས་མང་ཚོགས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་དཀའ་ངལ་ཆེ་བའི་གནད་དོན་ལ་དམིགས་ནས།ཉེན་གཡོལ་མང་ཚོགས་གནས་སྤོར་བ།དྲོད་འདོན་སྦུ་གུ་དང་ཆུ་སྦུག་གསར་བརྗེ།འགན་སྲུང་སྡོད་ཁང་འཛུགས་སྐྲུན་སོགས་དམངས་ཚིས་བཟོ་སྐྲུན་གྱི་ལས་མང་པོ་བསྒྲུབས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་།བདེ་སྣང་བཅས་མཐོ་རུ་བཏང་།

གུང་ཧོ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུའུ་ཡིས་མཚོ་སྔོན་པོའི་ཆུར་ནུབ་རོང་འབྲོག་ཁྱིམ་ཚང་གི་སྡོད་ཁང་གནས་སྤོར་བཀོད་སྒྲིག་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་དང་དམངས་ཚིས་ལས་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས།རིག་སྨོན་དང་ཅང་སི།ཐང་དཀར་མ།རྟ་ནག་མ།སྤྲེའུ་ནག་བཅས་གྲོང་རྡལ5ཡི་རོང་འབྲོག་ཁྱིམ་ཚང785ཡི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་དང་སྡོད་གནས་ཀྱི་ཆ་རྐྱེན་ཇེ་ལེགས་སུ་བཏང་།

ས་འོག་ཚ་ནུས་ཐོན་ཁུངས་ལེགས་སྒྲིག་བྱ་ཆེད།མཁར་གྲོང་གི་དྲོད་འདོན་སྦུ་གུ་གསར་རྙིང་བརྗེ་པའི་བཟོ་སྐྲུན་གྱི་ལས་རིམ་ཐེངས་དང་པོ་དང་གཉིས་པའི་ལས་གཞི་ལག་བསྟར་བྱས་ཏེ། དྲོད་འདོན་སྦུག་ལམ་སྤྱི་ལེ30.55ཡི་སྦུ་གུ་གསར་བར་བརྗེ་པ་དང་།ས་ཚིགས7གྱི་སྦུག་གུ་གསར་བར་བརྗེ་ནས།དྲོན་འདོན་མ་ལག་བརྟན་པོ་ཡོང་བ་དང་དྲོད་ཚད་ཚད་ལྡན་དུ་བཏང་བས།མཁར་གྲོང་མང་ཚོགས་ཀྱི་འཚོ་བ་བདེ་རུ་བཀོད་པ་དང་བློ་ཡིད་ཚིམ་དུ་བཅུག

གུང་ཧོ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུའུ་ཡིས་གྲོང་ཁྱེར་གྱི་ཆུ་སྦུག་རྙིང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཆབ་ཆ་གྲོང་རྡལ་གྱི་ཆུ་སྦུག་གསར་རྙིང་བརྗེ་པའི་བཟོ་སྐྲུན་ལག་བསྟར་བྱས་ནས་སྤྱི་ལེ10.925ཡི་ཆུ་སྦུག་གསར་བར་བརྗེ་སྟེ།སྦུག་ལམ་དོ་དམ་ཞབས་ཞུ་འཐུས་ཚང་དུ་བཏང་བ་དང་། མཁར་གྲོང་འཕེལ་རྒྱས་ཀྱི་ཆུ་སྤྱོད་དགོས་མཁོ་བསྐང་སྟེ།གྲོང་མིར་སྔར་ལས་རྒྱུ་སྤུས་ལེགས་པའི་འཐུང་ཆུ་མཁོ་འདོན་གྱི་ཞབས་ཞུ་བསྒྲུབས།

སྔོན་ཆད་བཤིག་སྤོ་བཀོད་སྒྲིག་ཁྲོད་གནས་པའི་གནད་དོན་དང་རྩོད་གཞི་ཞི་བར་བྱས་ཏེ། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ཕྱོགས་འབད་ནས།མ་དངུལ་སྒོར་དུང་ཕྱུར4.1བཏང་སྟེ་པིན་ཧོ་ཤར་ལམ་དང་།བལ་འཐག་བཟོ་གྲྭ་གཉིས་པའི་སྡོད་ཁུལ་གྱི་ལས་རིམ་དང་པོ།གུང་ཧོ་རྫོང་སྨན་ཁང་གི་སྡོད་ཁུལ་གྱི་ལས་རིམ་དང་པོ་བཅས་འགན་སྲུང་སྡོད་ཁང་གསུམ་གྱི་ལས་གཞི་ལག་བསྟར་བྱེད་བཞིན་ཡོད་ལ།ལེགས་འགྲུབ་བྱུང་རྗེས་ཁྱིམ་ཚང1094ལ་ཁེ་ཕན་ཐོན་ཐུབ།མིག་སྔར།ལས་གཞི་ཕྱོགས་ཡོངས་ནས་ལས་མགོ་བཙུགས་ནས་སང་ལོའི་ལོ་མཇུག་ཏུ་ལེགས་འགྲུབ་བྱུང་སྟེ་རྩིས་སྤྲོད་བྱ་འཆར་ཡོད།ལས་གཞི་འདི་ལག་བསྟར་བྱས་རྗེས་རྫོང་ཡོངས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ཇེ་ལེགས་སུ་བསྒྱུར་ཐུབ་རྒྱུ་རེད།།