གཞས་ལ་སྟིམ་པའི་བརྩེ་བ་།
དཀར་མཛེས།༽ རྫ་ཤུལ་བློ་བཟང་།
《 海南报-藏文 》( 2024年09月04日 第 04 版 )
མཚོ་ནང་ཤར་བའི་སྐར་མ་སྨིན་དྲུག།དུངས་བའི་མཛའ་གཞས་ནང་ནས་རྙེད་སོང་།།འཁོར་བའི་རྒྱ་ཁྱོན་ཇི་ཙམ་ཆེ་རུང་།།འཛུམ་མདངས་མེ་ཏོག་ལྷན་དུ་བཞད་སོང་།།སྲིད་ཞིའི་མཚོ་ཆེན་འཁྱིལ་བའི་འཇིངས་སུ།།དུངས་བའི་རླབས་རྒྱུན་ངང་གིས་གཡོས་བས།།ཁ་ཆད་མེད་པའི་མགྲོན་པོ་ཁྱོད་རང་།།དར་རྩེ་མདོ་ནས་ལྷན་འཛོམས་བྱུང་སོང་།།སྨོན་འདུན་ཞིག་གིས་བསླས་པའི་དགུ་མདུད།།ལས་འབྲས་མེ་ཏོག་བཙུགས་པའི་སྲུང་འཁོར།།སྣང་བ་དབྱངས་སུ་གྱེར་བའི་འུ་གཉིས།།འགྲུལ་བཞུད་ཅིག་གིས་གདོང་ཐུག་བྱས་སོང་།།ཁམས་བུའི་མེ་ཏོག་འགྲམ་གྱི་སྨན་ཆུང་།།ཚིག་གི་ཕོ་བྲང་དབུས་ནས་མཇལ་བྱུང་།།དངུལ་གྱི་མཛུབ་དཀྲིས་ཁྱོད་ལ་ཉོས་དུས།།དར་མདོའི་བརྩེ་གཞས་ཡིད་ལ་དྲན་སོང་།།རླུང་བུ་འཇམ་པོ་དལ་གྱིས་ལྡང་དུས།།ཚོར་བའི་ཤོག་བྱ་ངང་གིས་གཡོས་སོང་།།ཚོགས་དྲུག་མགུར་མ་དབྱངས་སུ་གྱེར་ན།།རྟོག་བཏགས་བུ་མོའི་གཟུགས་རས་འདྲ་ཡོང་།།རྣམ་ཤེས་ཕྲ་མོ་ཁྱེད་སར་ཕྱོགས་པས།།སེམས་འདི་རང་དབང་མེད་པའི་བྱ་སྤུ།།ངག་ནས་རྡོལ་བའི་སྐད་ཆ་ལྡབ་ལྡིབ།།སེམས་ཀྱི་བྲེལ་འཚུབ་མཚོན་པ་ཡིན་ནོ།།ཐེངས་རེ་དགུན་གྱི་གྲང་ངར་མ་མཐོང་།།ཁ་བའི་མེ་ཏོག་དྲོད་ཀྱིས་ཁེངས་འདུག།གཏམ་རྒྱུད་ནང་གི་དགུན་ཟླ་ཐུང་མོ།།དབྱར་གཞུང་ལས་ཀྱང་མཛེས་སྡུག་ལྡན་པ།།སྐྲ་ལོ་དཀར་པོ་འབྱུང་བཞིར་ཐིམ་ནས།།ཚེ་རིང་མེ་ཏོག་ནམ་མཁར་འཕུར་ཀྱང་།།དུར་བྱང་འཁྲིས་སུ་འཁོར་བའི་སེམས་པས།།ལས་འབྲས་མེ་ཏོག་གཏན་དུ་མ་བརྗེད།།སྣང་བ་ཆུ་དང་འདྲེས་པའི་འཆར་ཡན།།ལང་ཚོའི་འཁྲི་ཤིང་གསལ་བའི་མེ་ལོང་།།དགའ་སྐྱོའི་བསྡུས་གཟུགས་རིང་དུ་གྱེས་ཀྱང་།།དྲན་སེམས་ལྷ་མོའི་འཛུམ་མདངས་མ་བོར།།ཁྱོད་རང་ཡོད་པས་འཁོར་བ་མ་སྟོང་།།གནས་མལ་དག་ཀྱང་འཁྱག་པས་མ་བསྡམས།།ཚིག་གི་འོད་ཟེར་རུས་གསེབ་འཕྲོས་པས།།ལས་འཕྲོ་འདུན་མ་གཅིག་ལ་གཏད་ཡོད།།