འཁོར་བའི་སྐྱོ་གར།
༼ནང་ཆེན།༽ མེ་ཆར།
《 海南报-藏文 》( 2024年09月04日 第 04 版 )
ལོ་ཟླ་ཆུ་བོ་བཞིན་རྒྱང་དུ་བཞུད་ཅིང་།།ཞེན་ཆགས་ཁ་བ་བཞིན་ཕྱོགས་བཞིར་སྤུར་སོང་།།ལང་ཚོ་འཇའ་ཚོན་བཞིན་དབྱིངས་སུ་ཡལ་ཏེ།།མི་ཚེ་རྨི་ལམ་བཞིན་སྐད་ཅིག་ཚར་སོང་།།འཇིག་རྟེན་འཁོར་བ་འདི་སྡུག་གི་བཙོན་ར།།འདིར་སྣང་ཞེན་པ་འདི་ལན་ཚྭའི་ཆུ་བོ།།མི་ཚོགས་ཟང་ཟིང་གི་འདུ་འཛིའི་ཀློང་ནས།།སྐྱིད་སྡུག་སྣ་ཚོགས་འདི་འཁོར་བའི་ཆོས་ཉིད།།བདེ་སྡུག་མི་ཚེ་ཡི་བགྲོད་ལམ་རིང་མོར།།མི་སེམས་གཉོམ་པོ་འདི་རླུང་གིས་ཁྱེར་ཏེ།།དགའ་སྡུག་མི་ཚེ་འདི་ཁངས་ཆར་འདྲེས་མ།།འཇིག་རྟེན་འཁོར་བ་འདི་སྟོན་གྱི་ནམ་ཟླ།།དྲན་པའི་གཞུ་མོ་དེ་ནང་དུ་བཀུག་དུས།།ཀུན་རྟོག་རྒྱ་མཚོ་ཡི་རླབས་རིས་མཐའ་ལ།།སྣང་བ་མག་མོག་གི་ཟློས་གར་འཁྲབ་དུས།།འདས་སོང་ལོ་ཟླ་དེ་ཡིད་ངོར་གཟན་པ།།རེ་བའི་ཐང་ཆེན་གྱི་ལྗོན་ཤིང་རྩེ་ལ།།སྙན་ཚིག་ཁྲི་འབུམ་གྱི་མེ་ཏོག་བཞད་དུས།།ཐ་སྙད་གསོན་པོ་འགས་རྣམ་ཤེས་ཀློག་བཞིན།།ཤོག་ངོ་སྟོང་པ་རུ་རི་མོ་ཕབ་ཡོད།།རེ་སྐྱོ་རེ་སྨྲེང་གི་འཇིག་རྟེན་སྐྱ་བོ།།རེ་དགའ་རེ་སྡུག་གི་མི་སེམས་གཉོམ་པོ།།འཚོ་བའི་ཁ་དོག་འདི་ཨ་ཁྲ་བ་ཁྲ།།ཚོར་བ་སྙི་མོ་འདི་མངར་སྐྱུར་ཁ་གསུམ།།ཞེ་རྩ་སྨྲེང་ས་དེ་འཁོར་བའི་གྲོང་རེད།།དགའ་སྐྱོ་རེས་མོས་འདི་འཁོར་བའི་གཤིས་རེད།།སོང་སོང་ལོ་ཟླ་འདི་འཁོར་བའི་སྒྲུང་རེད།།འཇིག་རྟེན་སྣང་བ་འདི་ཆུ་ཟླའི་རོལ་གར།།