གུང་ཧོ་རྫོང་གི་ཕྱུགས་ཟོག་ཉོ་འཚོང་ལྟེ་གནས་སུ་ཁེ་ལས་ཀྱིས་ཚོང་གཉེར་བྱེད་མགོ་བརྩམས་པ།
《 海南报-藏文 》( 2024年07月31日 第 02 版 )
རང་ཚགས་པར་གྱི་འཕྲིན།ཉེ་སྔོན།གུང་ཧོ་རྫོང་གི་ཕྱུགས་ཟོག་ཉོ་འཚོང་ལྟེ་གནས་སུ་ཁེ་ལས་ཀྱིས་ཚོང་གཉེར་བྱེད་མགོ་བརྩམས་པ་དེས་རྫོང་འདིའི་ཞིང་ཕྱུགས་ཐོན་ལས་ལ་རྩ་འཛུགས་ཡོད་པ་དང་གཞི་ཁྱོན་ཡོད་པ།ཚད་གཞི་ཡོད་པའི་སྤུས་མཐོའི་འཕེལ་རྒྱས་གྱི་དུས་རིམ་དུ་བསྐྱོད་པ་མཚོན་ཡོད།
ཉེ་བའི་ལོ་འགའི་རིང་།གུང་ཧོ་རྫོང་གིས་རང་ས་གནས་ཀྱི་ཐོན་ཁུངས་ལེགས་པོར་བརྟེན།ཐོན་ལས་ཀྱི་ས་ཁུལ་བཞི་འཛུགས་སྐྲུན་བྱེད་པའི་གོམ་བསྟན་ཇེ་མགྱོགས་སུ་གཏོང་བ་དང་རྒྱལ་ཁབ་ཀྱི་དེང་རབས་ཅན་གྱི་ཞིང་ལས་ཐོན་ལས་གླིང་དང་ཕྱུགས་ལས་སྒྱུར་སྤོར་གྱི་ཚོད་ལྟའི་རྫོང་།ཞིང་ཆེན་རིམ་པའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་གནས་ཀྱི་གཙོ་གནད་དཔེ་སྟོན་རྫོང་བཅས་འཛུགས་སྐྲུན་བྱ་ཆེད།མ་དངུལ་སྒོར་ཁྲི3800ལྷག་བཏང་ནས་ཕྱུགས་ཟོག་ཉོ་འཚོང་ལྟེ་གནས་འཛུགས་སྐྲུན་བྱས་པ་རེད།ཉོ་འཚོང་ལྟེ་གནས་འདིའི་ནང་དུ་ཕྱུགས་ཟོག་འཚོང་ས་དང་ཞབས་ཞུའི་གཞུང་སྒྲུབ་ཁང་།སྐམ་ལུག་ཤ་ཉོ་འཚོང་བྱེད་ས།ཉོ་འཚོང་ཕྱུགས་ར་སོགས་ཞབས་ཞུའི་གནས་མཁོ་འདོད་བྱས་ཡོད་པས།འབྲོག་པ་ཚོའི་ཚོང་གཉེར་ལ་སྟབས་བདེ་ཀྱི་སྟེགས་བུ་བཟང་བོ་ཞིགབསྐྲུན་ཡོད།
རྒྱུས་ལོན་བྱས་པ་ལྟར་ན།ཉོ་འཚོང་ལྟེ་གནས་འདི2023ལོར་ཚོད་ལྟའི་གཉེར་མགོ་ཚུགས་པ་ནས་བཟུང་།སྐྱེ་ཁམས་གསོ་སྤེལ་དང་ཆ་འཕྲིན་ཞབས་ཞུ།སྤུས་རྟགས་འོས་སྦྱོར་དང་འཁྱག་ཟོང་སྐྱེལ་འདྲེན།ཁྲོམ་རའི་གཉེར་འཚོང་བཅས་གཞི་གཅིག་གྱི་ཚོང་གཉེར་ལམ་ཁ་འཚོལ་ཞིབ་བྱས་ཏེ།ཕྱུགས་ལས་ཐོན་ལས་ཀྱི་ཚོང་རའི་ལམ་ཁ་གུ་དོག་པ་དང་ཐོན་རྫས་ཀྱི་རིན་གོང་དམའ་བ།དུས་ཚིགས་རང་བཞིན་གྱི་འགལ་བ་འབུར་དུ་ཐོན་པ་སོགས་ཀྱི་དཀའ་ངལ་ཐག་གཅོད་བྱས་ནས།རྫོང་ཡོངས་ཀྱི་འབྲོག་པ་མང་ཚོགས་ཀྱིས་ཕྱུགས་ཟོག་སྡེབ་འཚོང་བྱས་ཏེ་ཉོ་འཚོང་ལྟེ་གནས་སུ་ཕྱིར་འཚོང་བྱེད་པའི་ཚོང་ལམ་བཏོད་ཡོད་པརེད།
ད་ལོ་རྫོང་དེས་ཕྱུགས་ཟོག་ཉོ་འཚོང་ལྟེ་གནས་སུ་ཁེ་ལས་ཡིས་འཚོང་གཉེར་བྱེད་མགོ་བརྩམས་པ་དེས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་ནས་ཞིང་ཕྱུག་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་འདེགས་སྐྱོར་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད།།