ལསསྐལསཕོངསཔའིབྱམསཔ


དུས་ཀྱི་འགྱུར་བག་རྒོད་པོའི་བར་གླགས་ནས།།

བདག་རང་གཏད་སོའི་མདའ་མོ་ཕོག་པ་གང་།།

གཙང་བོའི་རླབས་དང་འགྲོགས་ནས་ནང་སེམས་སུ།།

བརྩེ་བའི་མེ་དྲོད་བཞིན་དུ་ཁད་ཀྱིས་འཁྱིལ།།

ཨ་ཧོ་སྙིང་དུ་སྡུག་པའི་བུ་མོ་ཡ།།

སྤྲིན་གྱི་ཐོར་ཅོག་འཆང་བའི་ཁྱོད་ཀྱིས་ནི།།

སྒེག་པའི་ཉམས་དང་བཅས་ཏེ་ཚུར་འོངས་ཏེ།།

བདག་གི་གློ་སྙིང་གང་ཞིག་འཁྲུགས་པར་བྱེད།།

སྙིང་གི་རུས་པ་གཅོག་པའི་བཞིན་བཟང་མ།།

ཁོ་བོ་ཁྱོད་ཀྱི་པར་སྟེང་གཟབ་ནན་གྱིས།།

ཅེར་དྲགས་མིག་གི་མཐོང་ལམ་ཀུན་ཏུ་ཡང་།།

ཁྱོད་ཀྱི་གཟུགས་བརྙན་ལས་གཞན་མ་མཆིས་སྐད།།

སྲོད་ཀྱི་དུས་ཚོད་མང་ཤོས་རྒྱང་རིང་གི།།

ཁྱོད་རང་གནས་སའི་ཕྱོགས་ལ་བལྟས་ཏེ་ནི།།

ཡིད་དུ་སིམ་པའི་ཞལ་རས་སྒོམ་པའི་ཁར།།

ནམ་ཞིག་འཛོམས་པའི་དུས་ལ་ཚོད་བགམ་གནང་།།

ཁྱོད་ཀྱིས་སྔར་བཞིན་མི་སྨྲའི་བརྟུལ་ཞུགས་ཚུལ།།

བཟུང་ཡང་བདག་ཡིད་སྤང་གི་མེ་ཏོག་སྟེ།།

ལས་འཕྲོའི་ངང་ཆུང་འཕུར་སའི་མཚོ་འདབས་ཀྱི།།

འཁོར་བའི་ཐང་ཆེན་བརྒལ་བའི་ལྷ་མོ་ཉིད།།

ཡིན་ཡང་ལས་སྐལ་འདི་ཉིད་འཇའ་ཚོན་བཞིན།།

མི་རྟག་སྐད་ཅིག་ཉིད་དུ་ཡལ་སོང་སྐད།།

བདག་གི་ཕྱི་ནང་གསང་གསུམ་ཆར་ཆུ་ཡིས།།

བཀྲུས་ཀྱང་སྔར་བཞིན་ཧ་ཅང་གདུང་བས་གཙེས། །

ལས་ཀྱི་གཟེབ་ཏུ་ཚུད་པའི་བདག་གིས་ནི།།

མ་རངས་སྡུག་པའི་ཚུལ་ལ་བཟོད་བསྲན་གྱིས།།

སྨྲེང་བའི་ཡིག་འབྲུ་རླུང་ལ་བརྡར་ཏེ་ནི།།

ཞི་བའི་གཞས་ཤིག་ཅིས་ཀྱང་གཏོང་དགོས་སྙམ།།

དེ་ནི་སུས་ཀྱང་བཤད་ཚོད་མི་འདུག་སྟེ།།

མི་རྟག་ལས་ཀྱིས་བཀོད་པ་ཡིན་ལགས་པས།།

རིགས་དྲུག་མ་ལུས་འཁོར་བའི་སྲིད་གསུམ་དུ།།

མ་འཕྲད་པ་ནས་གྱེས་གྲབས་བགྱི་འདི་སྨྲེང་།།

ཀྱེ་ཧུད་གདུགས་ཆེན་ལས་ཀྱི་མཐུ་འོག་ནས།།

འཕྲད་པའི་ལས་སྐལ་དབེན་པའི་ཁོ་བོ་གཉིས།།

ཁ་པར་ནང་གི་གཟུགས་རྣམས་དཔེར་བྱས་ཏེ།།

སོ་སོའི་སྙིང་གི་འཕར་སྒྲ་དྲངས་ཏེ་ལུས།།

དེའི་ཚེ་གཏན་དུ་ལས་འཕྲོ་ཟད་པ་ཡི།།

གུས་པོར་ཁྱོད་ལ་ཞེན་པའི་གདུང་བའི་ནང་།།

ཧ་ཅང་སྡུག་པའི་ཉམས་ཀྱིས་འཚོ་དགོས་ཀྱང་།།

བསོད་བདེ་ཆེ་སོང་སྙམ་ལས་འགྱོད་གདུང་ཅི།།