དམར་ལྡང་ཆུ་གློག་ས་ཚིགས་ཀྱི་གློག་འདོན་ཚད་སྟོང་ཝ་དུང་ཕྱུར4ལས་བརྒལ་བ།

《 海南报-藏文 》( 2026年03月04日 第 02 版 )

རང་ཚགས་པར་གྱི་འཕྲིན། ཟླ2པའི་ཚེས28ཉིན་བར། རྒྱལ་ཁབ་ནུས་ཁུངས་ཚོགས་པ་མཚོ་སྔོན་དམར་ལྡང་ཆུ་གློག་ས་ཚིགས་ཀྱིས་ལོ་འདིའི་ནང་གློག་འདོན་ཚད་སྟོང་ཝ་དུང་ཕྱུར4ལས་བརྒལ་ནས།ལོ་གཅིག་གི་ཐོན་སྐྱེད་དམིགས་ཚད་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་བཏིངས།

ད་ལོའི་ལོ་སྟོད་ནས་བཟུང་། ལོ་གཅིག་གི་གློག་འདོན་ལས་འགན་དང་རྒྱུན་ལྡན་གྱི་ཆུའི་འབབ་ཚད་ཉུང་བའི་གནས་བབ་ལ་ཁ་གཏད་ནས།གློག་འདོན་མྱུར་བ་དང་ཞིབ་ཚགས་དོ་དམ། བདེ་འཇགས་འགན་ལེན་བཅས་བྱེད་ཐབས་ཆེན་པོ་གསུམ་ལ་བརྟེན་ནས་ནུས་ཁུངས་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་གང་ཐུབ་བྱས། གློག་འདོན་པའི་ཐད་ཁྲོམ་རའི་ཉོ་འཚོང་ནང་ཞུགས་ཚད་ཇེ་མང་དུ་བཏང་སྟེ།བཀོད་གཏོང་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་གློག་ཤུགས་འགན་སྲུང་བྱས་པ་མ་ཟད། འཆར་གཞི་སོ་སོ་ཚན་ཁག་རེ་རེར་བགོ་བ་དང་འཕེལ་རིམ་རྗེས་སྙེག་བྱེད་ཤུགས་ཆེར་གཏོང་བ།ཚོང་གཉེར་དང་ཐོན་སྐྱེད།བཀོད་གཏོང་བཅས་ཕན་ནུས་ཆེ་བའི་མཉམ་འགུལ་དང་ལེན་ལམ་སྲོལ་འཛུགས་པར་སྐུལ་འདེད་བྱས་ཏེ་ལས་མི་ཡོངས་ཀྱིས་གློག་གི་འདོན་ཚད་ཆེར་གཏོང་བའི་བརྩོན་སེམས་ཆེ་རུ་བསྐྱེད་པ་དང་།ཞིབ་ཕྲའི་དོ་དམ་ཐད།གློག་འདོན་ས་ཚིགས་ཀྱིས་འཁོར་བསྐྱོད་སྲུང་སྐྱོང་དང་ཞིག་གསོ་ཞིབ་བཤེར་བྱས་ཏེ།གནད་དོན་རྟོགས་པ་དང་དུས་ལྟར་ཐག་གཅོད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ།ཞན་ཆ་མེད་པར་བཟོ་བའི་དོ་དམ་ལམ་སྲོལ་བཙུགས་ཏེ།སྒྲིག་ཆས་ཀྱི་གནད་དོན་དུས་ལྟར་ཐག་གཅོད་བྱེད་པ་རྒྱུན་རྣམ་ཅན་དུ་གཏོང་བ།སྒྲིག་ཆས་འཁོར་བསྐྱོད་ཀྱི་བརྒྱུད་རིམ་ཧྲིལ་པོར་དོ་དམ་ཞིབ་ཚགས་བྱ་རྒྱུར་ཤུགས་བརྒྱབ་སྟེ།གནད་འགག་གི་དུས་སྒྲིག་ཆས་བདེ་བླག་ངང་འཁོར་བསྐྱོད་ཐུབ་པར་འགན་ལེན་བྱས།

བདེ་འཇགས་ཐོན་སྐྱེད་ཐད་གློག་འདོན་ས་ཚིགས་ཀྱིས་དུས་ནམ་ཡང་བདེ་འཇགས་གཙོར་བཞག་སྟེ།བདེ་འཇགས་ཐོན་སྐྱེད་ལ་ཤུགས་བཏོན་ནས། བདེ་འཇགས་སློབ་སྦྱོང་དང་ཉེན་ཟོན་སློབ་གསོ།འཕྲལ་སྡོམ་ནང་སྦྱོང་སོགས་ཟུང་འབྲེལ་བྱས་པར་མ་ཟད། ལོ་གསར་གྱི་མཁོ་སྤྲོད་འགན་ལེན་ལ་དམིགས་ནས་དྲོད་ཚད་དམའ་བའི་ཁོར་ཡུག་འོག་གི་སྒྲིག་ཆས་ཉེན་ཁའི་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས།ཚད་ལྡན་ཅན་དང་ལམ་ལུགས་ཅན་གྱི་ལས་སྒྲུབ་པས།ནུས་ཁུངས་བརྟན་པོའི་ངང་མཁོ་སྤྲོད་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིངས། དེ་ལས་གཞན་ཀུང་ཟི་དེས་གནད་འཁེལ་སྙོམས་སྒྲིག་དང་གཉེར་སྐྱོང་ཟུང་འབྲེལ་བྱེད་པ་མཐའ་འཁྱོངས་བྱས་ཏེ།ཆུའི་ཕན་ནུས་ལ་བརྟེན་ནས་གློག་འདོན་པར་འགན་ལེན་བྱས་ནས།ས་ཁོངས་ཀྱི་ནུས་ཁུངས་བདེ་འཇགས་བརྟན་བརླིང་ངང་མཁོ་འདོན་བྱ་རྒྱུར་འདེགས་སྐྱོར་བྱས།།