རང་ཁུལ་གྱིས་ད་ལོའི་ལོ་གསར་སྐབས་ཀྱི་རིག་རྩལ་འཁྲབ་སྟོན་སྣ་མང་སྤེལ་བ།

《 海南报-藏文 》( 2026年03月04日 第 02 版 )

རང་ཚགས་པར་གྱི་འཕྲིན། ཟླ2པའི་ཚེས27ནས་བཟུང་།རང་ཁུལ་གྱི་ག་ས་ཀུན་ཏུ་ལོ་གསར་གྱི་རྣམ་པས་ཁེངས་ཤིང་།ལོ་གསར་གྱི་སྤྲོ་སྐྱིད་དང་ཕ་ཡུལ་གྱི་རྣམ་པ།རིག་གནས་ཀྱི་ཉིང་བཅུད་བཅས་ཟུང་དུ་འབྲེལ་བའི་དམངས་སྲོལ་གྱི་བྱ་འགུལ་གཅིག་རྗེས་གཉིས་མཐུད་ངང་སྤེལ་བ་རེད།

ཉིན་དེའི་སྔ་དྲོའི་ཆུ་ཚོད11སྟེང་།ཁྲི་ཀ་རྫོང་གི་ཆེད་འཚོགས་འཁྲབ་སྟོན་དེ་ཁུལ་རིག་གནས་སྨྱན་སྦྱོར་ལྟེ་གནས་ཐང་ཆེན་དུ་སྤེལ་བ་དང་། རྒྱ་འཆམ་དང་གཞས་མ་གཏམ། གླུ་གར་སོགས་འགྲོས་མྱུར་པའི་སྟངས་སྟབས་དང་བཀྲ་ཤིས་པའི་ཉིན་མོ་མཚོན་པའི་སྲོལ་རྒྱུན་གྱི་རིག་གནས་འཁྲབ་སྟོན་གྱ་ནོམ་པ་ཞིག་ཕུལ་བ་དེས།རྒྱ་ཆེའི་ལྟ་མོ་བ་རྣམས་ལ་སྤྲོ་སྣང་སྦྱིན་སོང་ལ།ཡུལ་དངོས་སུ་དུས་ཆེན་གྱི་རྣམ་པས་ཡོངས་སུ་ཁེངས།

ཟླ2པའི་ཚེས27ཉིན།ཞིན་ཧེའི་རྫོང་མཁར་དུ་རྔ་སྒྲས་ཁེངས་ཤིང་།ཕ་ཡུལ་གྱི་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་གྱི་བྱ་འགུལ་སྣ་མང་སྤེལ་ནས་ལོ་གསར་པར་རྟེན་འབྲེལ་ཞུས་ཏེ།དུས་རབས་གསར་པའི་རོང་འབྲོག་མང་ཚོགས་ཀྱི་དཔའ་ངར་ཆེར་བསྐྱེད་དང་བདེ་སྐྱིད་ཕུན་སུམ་ཚོགས་པའི་བསམ་པའི་རྣམ་པ་མངོན་པར་བྱས།

ཟླ3པའི་ཚེས1ཉིན། གུང་ཧོ་རྫོང་ཆབ་ཆ་གྲོང་བརྡལ་གྱི་ཁྲོམ་གཞུང་དུ་འཁར་རྔ་རྡུང་བ་དང་རྒྱ་གླིང་འབུད་པ། འབྲུག་དང་སེང་གེ་འཁྲབ་པ་སོགས་ཀྱིས་སྐོར་འཁྲབ་འགྲེམ་སྟོན་སྤེལ་ཏེ།མཚོ་ལྷོ་ཁུལ་གྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་གང་ལེགས་ཀྱིས་མངོན་པར་བྱས་ཤིང་།དེའི་མཚོ་ལྷོ་ཁུལ་གྱི་རང་བྱུང་ཡུལ་ལྗོངས་དང་ལོ་རྒྱུས་རིག་གནས་ཤུལ་བཞག དམངས་སྲོལ་གོམས་གཤིས། སྤྱི་ཚོགས་དཔལ་འབྱོར་གྱི་ཁྱབ་ཁོངས་སོ་སོའི་འཕེལ་རྒྱས་གྲུབ་འབྲས་བཅས་མངོན་པར་བྱས་པས།རིགས་སོ་སོའི་ལས་བྱེད་པ་ཡོངས་ལ་མཚོ་ལྷོ་ཁུལ་གྱི་མཛེས་ཤིང་ལྟ་ན་སྡུག་པའི་སྐྱེ་སྟོབས་ཀྱིས་ཁེངས་པའི་རྣམ་པ་མངོན་ཡོད།

ཀོས་ནན་འཁྲབ་སྟོན་ཚོགས་པའི་འཁྲབ་སྟོན་པ་བསོད་ནམས་དབང་ཕྱུག་གིས་བཤད་རྒྱུར།ཁྱད་ཆོས་ཀྱིས་ཕྱུག་པའི་མཚོ་ལྷོའི་རིག་གནས་ཀྱི་མིང་བྱང་རེ་རེ་མི་སེམས་ལ་འཇགས་པར་བྱས་ཏེ་ཚང་མར་མཚོ་ལྷོའི་ས་གཞིའི་མི་དམངས་ཀྱི་མཐུན་སྒྲིལ་ཡར་ཐོན་དང་སྤོབས་པ་ཆེར་བསྐྱེད་ཀྱི་བསམ་བློ་མཚོན་ཐུབ་ཟེར།

རྫོང་སོ་སོའི་འགྲེམ་སྟོན་གྱིས་རང་སོ་སོའི་ཁྱད་ཆོས་དང་དགེ་མཚན་མངོན་པ་དང་།སྲོལ་རྒྱུན་གྱི་ནུས་རྩལ་དེ་དག་སྲུང་གསར་གཏོད་ཁྲོད་དུ་གསོན་ཤུགས་རྒྱས་པ་དང་། དམངས་ཁྲོད་ཀྱི་འཁྲབ་སྟོན་དེ་དགའ་སྤྲོའི་ཡོ་ལང་ཁྲོད་དུ་མི་སེམས་སྒྲིལ་བར་བྱས།རིགས་སོ་སོའི་མང་ཚོགས་ཀྱིས་དགའ་འབོད་བྱེད་ཞོར་དུ་ཁ་པར་གྱི་ལམ་ནས་མཛེས་པའི་རྣམ་པ་དེ་ཟིན་ཐོ་འགོད་བཞིན་པ་དང་།མཁར་རྔའི་རྡུང་སྒྲ་ལས་བདེ་སྐྱིད་འཚོ་བར་བཅངས་པའི་རེ་སྨོན་མཚོན་ལ།དགའ་སྐྱིད་དགོད་སྒྲ་ལས་རིག་གནས་རང་རྟོན་གྱི་བསམ་བློ་མངོན་པར་བྱས།།