ཞིན་ཧེ་རྫོང་གིས་སྤྱི་པའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བར་ཤུགས་བསྣན་པ།

《 海南报-藏文 》( 2025年10月22日 第 03 版 )

རང་ཚགས་པར་གྱི་འཕྲིན། ད་ལོའི་ཚུན་ལ། ཞིན་ཧེ་རྫོང་གིས་སྨན་བཅོས་འཕྲོད་བསྟེན་དང་། རིག་གནས་དམངས་ཕན། ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་སྤེལ་གཏོང་བ་བཅས་ཁྱབ་ཁོངས་ཆེན་པོ་གསུམ་ལ་ནུས་པ་ཆེན་པོ་བཏོན་ཞིང་།བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་སྤྱི་པའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་སྔར་ལས་མང་ཞིང་སྔར་ལས་འདྲ་མཉམ་གྱིས་རྫོང་ཡོངས་ཀྱི་མི་དམངས་ལ་ལོངས་སྤྱོད་བྱེད་དུ་བཅུག་ཡོད་པ་རེད།

ཞིན་ཧེ་རྫོང་གིས་གྲོང་གསེབ་ཏུ་བསྐྱོད་པའི་འོས་འགན་སྨན་བཅོས་བྱ་འགུལ་ཐེངས108ལ་རྩ་འཛུགས་བྱས་ཏེ།མང་ཚོགས་ཁྲི1.7ལ་རིན་མེད་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་པ་མ་ཟད།སྨན་རིན་མི་ལེན་པར་སྒོར་ཁྲི9.4ཡི་སྨན་རྫས་བྱིན།དེ་དང་ཆབས་ཅིག་ཏུ་བདེ་ཐང་དྲིལ་བསྒྲགས་ལག་དེབ་སྟེར་བ་དང་།བདེ་ཐང་འཆད་ཁྲིད་སྤེལ་ཏེ།སྡོད་དམངས་ཀྱི་བདེ་ཐང་གི་བྱང་ཚད་མཐོ་རུ་བཏང་བ་རེད།

རིམ་རྩིས་བྱས་ན་རྫོང་ཡོངས་སུ་གཅིག་བསྡུས་རང་བཞིན་གྱི་གྲོང་གསེབ་ཏུ་བསྐྱོད་པ་གསུམ་གྱི་བྱ་འགུལ་ཐེངས85ལྷག་སྤེལ་བ་དང་།རྒྱུན་རྣམ་ཅན་དང་རུ་ཁག་ཆུང་བ་རིགས་ཀྱི་ཞབས་ཞུའི་བྱ་འགུལ་ཐེངས384ལས་བརྒལ་བ་སྤེལ་བས།རྫོང་ཡོངས་ཀྱི་ཤང་དང་གྲོང་བརྡལ7དང་སྲིད་འཛིན་སྡེ་བ་དང་སྡོད་ཁུལ60ལྷག་གི་རོང་འབྲོག་མང་ཚོགས་མི་ཐེངས་ཁྲི5.8ལྷག་ལ་ཐད་ཀར་དུ་ཞབས་ཞུ་སྒྲུབ་པ་མ་ཟད།དྲིལ་སྒྲོག་རྒྱུ་ཆ་སྣ་ཚོགས་དང་དཔེ་དེབ3420ལྷག་བྱིན།དེ་མིན་ད་རུང་ཆེད་ལས་རིག་རྩལ་ཚོགས་པ་དང་དམངས་ཁྲོད་སྒྱུ་རྩལ་རུ་ཁག་རྩ་འཛུགས་བྱས་ནས་ཟློས་གར་དེ་གྲོང་གསེབ་ཏུ་བསྐྱོད་ཅེས་པ་དང་རབ་མཛེས་མཚོ་སྔོན་གྱི་རིག་རྩལ་རུ་ཁག་སོགས་ཡུལ་དངོས་བྱ་འགུལ་སྤེལ་ཏེ།མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོར་བཏང་།

ཇུས་འགོད་བྱས་པའི4.23དཔེ་ཀློག་ཉིན་མོ་དང་། གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་ལྡན་པའི་ལས་གཞིའི་འགྲེམ་སྟོན།རོང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སོགས་ཀྱི་བྱ་འགུལ་ངོ་མཚར་ལྡན་པ་ཞིག་ཡིན་ལ། རིག་གནས་དང་སྒྲོག་འགྲེལ་གྱི་རྣམ་པ་གསར་སྤེལ་བྱས་ཏེ།ཏང་གི་གཞུང་ལུགས་སྲིད་ཇུས་དང་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་དེ་གླུ་གར་དང་གཞས་གཏམ་གྱི་ལེ་ཚན་ནང་འདྲེས་པར་བྱས་ཏེ། མང་ཚོགས་ཀྱིས་དགའ་སྤྲོའི་ཁྲོད་དུ་སློབ་གསོ་དང་ལེན་བྱས་པ་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་གྲོང་གསེབ་དར་སྤེལ་ཡོང་བར་རིག་གནས་ཀྱི་སྒུལ་ནུས་བསྩལ་ཡོད་པ་རེད།

ཞིན་ཧེ་རྫོང་གིས་ཚན་རྩལ་གསར་གཏོད་བྱ་རྒྱུ་དེ་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གཙོ་བོར་བཟུང་ནས།ལག་རྩལ་གྱི་འགག་སྒྲོལ་བར་དཔེ་སྟོན་སྣེ་ཁྲིད་བྱེད་པ་དང་།ཐོན་ལས་ཀྱི་མཐོ་ས་གསར་པ་བཏོད་ཆེད།ཚན་རྩལ་ཆེད་མངགས་པའི་བྱ་བའི་ས་ཚིགས001གིས་ཚོད་ལྟ་དང་སོན་བཟང་འདེམས་གསོ་བྱས་པ་བརྒྱུད་ནས།ས་མུའུ་རེ་ནས་ལུག་གྲོད་ཤ་མོ་རྒྱ་མ1120ཐོན་སྐྱེད་བྱེད་ཐུབ་པ་བྱུང་ཞིང་།མིག་སྔར།ཤ་མོ་དང་ལུག་གྲོད་ཤ་མོ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཁྲོམ་རར་བཀྲམས་ཡོད་པ་མ་ཟད་ཕན་འབྲས་ཀྱང་ལེགས་པས། རོང་འབྲོག་པའི་ཡོང་སྒོ་འཕར་བར་ཐབས་ལམ་གསར་པ་བཏོད་ཡོད།