- 放大
- 缩小
- 默认
དཀའ་སྡུག་གི་རྔུལ་ཁྲག་ལས་འཕྲོས་པའི་ལྗང་མདོག་གི་ཕ་ཡུལ།
གསར་འགོད་པ།སངས་རྒྱས་ཚེ་བརྟན།
《 海南报-藏文 》( 2025年10月22日 第 03 版 )
མཐོ་སར་བུད་དེ་བྱེ་སྣའི་རྒྱལ་ཁབ་སྤྱི་གླིང་ལ་རྒྱང་བལྟ་ཞིག་བྱས་ཚེ།གནས་དེར་ནགས་ཚལ་དང་ཆུ་བོ།རི་སྐྱེས་སྲོག་ཆགས།མི་སྡོད་ཁོར་ཡུག་བཅས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཀྱི་རི་མོ་ཞིག་ལྷུན་གྱིས་གྲུབ་ཡོད་ལ།མུ་གེ་ཐང་གི་བྱེ་མའི་རྡུལ་ཕྲན་རེ་རེ་རླུང་བུའི་འགྲོས་དང་བསྟུན་ནས་བྱེ་སྣེའི་རྒྱལ་ཁབ་སྤྱི་གླིང་གི་ནགས་ཚལ་གྱི་གསེབ་ཏུ་ཡལ་སོང་།སྔོ་ལྗང་ལྗང་གི་ནགས་ཚལ་སྟུག་པོས་ས་ཆ་དེའི་ཡུལ་ལུང་གང་སར་གཡོགས་པ་ལས།ཀོས་ནན་མི་དམངས་ཀྱིས་བྱེ་འགོག་བྱེ་བཅོས་ཐད་བཏོན་པའི་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་དེ་མཚོན་ཐུབ་ལ།ཁོ་ཚོས་དངུལ་ཁྲག་ལས་ཐོན་པའི་གྲུབ་འབྲས་དེའང་ཚོར་ཐུབ།
ཉེ་སྔོན།གསར་འགོད་པས་ཀོས་ནན་རྫོང་གི་བྱེ་སྣའི་རྒྱལ་ཁབ་སྤྱི་གླིང་དུ་དོ་དམ་སྲུང་སྐྱོང་བ་ཀླུ་མོ་སྒྲོལ་མ་ནམ་རྒྱུན་བཞིན་བསྐོར་སྲུང་གི་ལས་ལ་བྲེལ་བཞིན་ཡོད་པ་མཐོང་ཞིང་།མོ་ནི་བྱེ་བཅོས་བྱེད་མཁན་གྱི་མི་རབས་གཉིས་པ་ཞིག་ཡིན་པའི་ཆ་ནས།མོས་ཕ་ཡུལ་གྱི་ལྗང་མདོག་འདི་དཀའ་སྡུག་གི་རྔུལ་ཁྲག་ལས་བྱུང་བ་སེམས་གཏིང་ནས་ཚོར་ཡོད་ཟེར།
ཁོ་མོས་ང་རང་ཆུང་དུས་ནས་གནས་འདིར་འཚར་ལོངས་བྱུང་བ་ཡིན་ལ།ངའི་ཨ་ཕའི་རིང་ནས་བཟུང་བྱེ་བཅོས་ཀྱི་བྱ་བ་འདི་ལ་འབད་པ་ཡིན།སྐྱ་ཐིང་ཐིང་གི་བྱེ་སྣ་ལྗང་མདོག་གི་འཇིག་རྟེན་གཞན་ཞིག་ཏུ་གྱུར་བ་ངས་མིག་གིས་འཚོས་ནས་ཡོང་བ་ཡིན་པས།ནམ་ཡང་གནས་འདིའི་སྐྱེ་ཁམས་ལྗང་མདོག་གི་ཆེད་དུ་རང་ནུས་ཕུལ་བ་ཡིན་ཟེར།
ཀོས་ནན་རྫོང་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁུལ་ཞིག་ཡིན་པའི་ཆ་ནས།སྔོན་ཆད་བྱེ་འགྱུར་གྱི་དཀའ་ཁག་མང་པོར་འཕྲད་མྱོང་མོད།མཚོ་ལྷོ་ཁུལ་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ཁྲོད།ཀོས་ནན་རྫོང་གིས་ཚན་རིག་གི་བྱེ་བཅོས་དང་ཁོར་སྲུང་གི་འདུ་ཤེས་གཙོར་བཟུང་སྟེ།ལག་རྩལ་གསར་གཏོད་ལ་བརྟེན་ནས་གྲང་ངར་ཆེ་བའི་ས་ཁུལ་གྱི་བྱེ་བཅོས་ཀྱི་དཀའ་ཁག་སེལ་བ་མ་ཟད།ལོ་ངོ29རིང་སྤྱི་ལེ300ཡི་བྱེ་ཐང་ལ་ལྗང་མདོག་གི་ལྕགས་རི་རིང་མོ་བསྐྲུན་ཏེ།མཐོ་སྒང་གི་རྒྱུན་མཐུད་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས།
1996ལོ་ནས་བཟུང་།ཀོས་ནན་རྫོང་གིས་བྱེ་འགོག་བྱེ་བཅོས་དེ་དོན་ཆེན་དུ་བརྩིས་ཡོད་ལ།ཚན་རྩལ་ནི་བྱེ་འགོག་བྱེ་བཅོས་ཀྱི་འགག་སྒོ་བརྒལ་བའི་སྲོག་ཤིང་ཏུ་གྱུར་ཡོད་པས།ཀོས་ནན་རྫོང་གིས་བྱེ་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད་ཚན་རིག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།སྡོང་རིགས་འདེམས་འཛུགས་དང་ཁོར་ཡུག་བཅོས་སྐྱོང་།སྔོན་ཐོན་ལག་རྩལ་སོགས་ཚན་རིག་ལ་བརྟེན་ནས་བྱེ་བཅོས་ཀྱི་ཐབས་ལམ་མུ་མཐུད་དུ་རྒྱ་བསྐྱེད་པ་རེད།
ཀོས་ནན་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུའུ་ཡི་ལས་གཞི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཡུས་ཐེན་ལུང་གིས་བཤད་རྒྱུར།སྔོན་ཆད་བྱེ་ཐང་གི་སྡོང་བོའི་སྐྱེ་ཚད་ཤིན་ཏུ་ཞན་མོད།ལྕང་སྡོང་ཟབ་འཛུགས་ལག་རྩལ་ཁྱབ་གདལ་དུ་བཏང་བ་ནས་བཟུང་སྡོང་བོའི་སྐྱེ་ཚད85%ཡན་ཟིན་ཡོད་ལ།སྐྱེ་ཡུན་ལོ་གསུམ་ཡན་འགོར་ཚད65%ཡན་ཟིན་ཡོད།ད་ལྟ་རྫོང་ཁོངས་ཡོངས་སུ་ཟབ་འཛུགས་ལག་རྩལ་ཁྱབ་གདལ་དུ་བཏང་ཞིང་།ས་ཁོངས་མི་གཅིག་པའི་ཆ་རྐྱེན་ལ་ཁ་གཏད་ནས་བྱེ་འགོག་སྒྲིག་བཀོད་དང་ཆར་དུས་ཀྱི་ཐད་གཏོང་སོགས་ཀྱི་རྣམ་པ་གསར་པ་ཚོད་ལྟའི་ལག་བསྟར་བྱས་ཏེ།བྱེ་བཅོས་ལས་དོན་གྱི་ཉམས་མྱོང་དེ་ཚན་རིག་དང་བརྟེན་ནས་བྱུང་བ་ཡིན་ཟེར།
ཚན་རིག་གིས་བྱེ་བཅོས་བྱེད་པའི་ཕན་འབྲས་དེ་མ་ལག་བཟོ་སྐྲུན་གྱི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད།ལོ་ངོ་དུ་མའི་རིང་ལ།ཀོས་ནན་རྫོང་གིས་བྱང་གསུམ་བཟོ་སྐྲུན་སྐབས་དྲུག་པ་སོགས་སྐྱེ་ཁམས་རྐང་འཛིན་བཟོ་སྐྲུན་ལ་བརྟེན་ཏེ།བྱེ་འགོག་བཟོ་སྐྲུན་དང་སྐྱེ་དངོས་སླར་གསོ།ཡུན་ཕན་དོ་དམ་སྲུང་སྐྱོང་སོགས་ཀྱི་བཅོས་སྐྱོང་སྒྲིག་གཞི་འཛུགས་སྐྲུན་བྱས་པ་རེད།
ཀོས་ནན་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་བཙུན་ཐར་རྒྱལ་གྱིས་བཤད་རྒྱུར།མིག་སྔའི་བར།ཀོས་ནན་རྫོང་གིས་མ་དངུལ་སྒོར་དུང་ཕྱུར17.5ལྷག་བཏང་སྟེ།བྱེ་འགྱུར་ས་མུའུ་ཁྲི221བཅོས་སྐྱོང་བྱས་ཤིང་།དེའི་ཁྲོད་དུ་མིས་བཅོས་བྱེ་བཅོས་ནགས་སྐྲུན་ས་མུའུ་ཁྲི164དང་བྱེ་འགོག་ནགས་སྐྱོང་ས་མུའུ་ཁྲི57ཡོད་ཅིང་།ཚོད་རྩིས་ལྟར་ན་ས་མུའུ་ཁྲི50ལྷག་གི་བྱེ་ཐང་ལ་བཅོས་སྐྱོང་ཕན་འབྲས་ཐོན་ཞིང་།རྫོང་ཡོངས་ཀྱི་ནགས་ཚལ་ཁེབས་ཚད8.26%ཟིན་ཡོད་ལ།རྩྭ་ཐང་གི་ཕྱོགས་བསྡུས་ལྗང་མདོག་ཁེབས་ཚད66.21%ཟིན་ཡོད།
ཀོས་ནན་རྫོང་གིས་ད་ལྟ་མཚོ་ལྷོ་ཁུལ་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་གྱི་འཕེལ་འགྲོས་དང་བསྟུན་ཏེ།བྱེ་བཅོས་ལག་ལེན་དེ་སྐྱེ་ཁམས་སླར་གསོ་ནས་སྐྱེ་ཁམས་ཐོན་ལས་སུ་རིམ་སྤར་བྱས་ཤིང་།ལག་རྩལ་ཐོད་བརྒལ་ནས་གསར་གཏོད་ཀྱི་རྣམ་པ་དང་།སྐྱེ་ཁམས་སྲུང་སྐྱོང་ནས་ཐོན་ལས་དར་རྒྱས་སུ་བཏང་སྟེ།མཐོ་སྒང་ལ་ལྗང་མདོག་གི་གསོན་ཤུགས་གསར་བ་ཞིག་བསྣན་ནས་མཚོ་ལྷོ་ཁུལ་གྱི་བྱེ་བཅོས་རྒྱུན་མཐུད་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས་ཡོད།