བརྩེ་བའི་ཡུམ་ཆེན།

རྩེ་སྨིན་གྲོལ།༼མཚོ་ལྷོ།༽

《 海南报-藏文 》( 2025年09月30日 第 04 版 )

བཅུ་དྲུག་ལང་ཚོའི་སྒེག་ཉམས་ལྷུན་གྱིས་གྲུབ་ཅིང་།

དཀར་དམར་གདོང་པད་ཤ་པགས་འཇམ་ལ་མཉེན་པ།

མིག་ཟུང་སྒོར་ཞིང་སོག་ཕྱེད་སྐྲ་ལོས་ཁེབས་པའི།

གཞོན་དུས་མཛེས་སྡུག་ཀུན་ཚང་ཡུམ་ཆེན་ཁྱེད་ཡིན།

བརྩེ་བ་གཞན་འགྲན་མེད་པའི་འོད་ཟེར་དཀར་པོས།

བདག་ཡིད་སྐྱིད་ཀྱིས་ཁེངས་པའི་ཁྱིམ་གཞིས་དྲོན་མོ།

འཁོར་བའི་ཕུན་ཚོགས་སྟེར་བའི་ཕྱག་ཟུང་འཇམ་པོས།

རྣམ་ཀུན་བྱིལ་བྱིལ་གཏོང་མཁན་ཡུམ་ཆེན་ཁྱོད་ཡིན།

ཤ་ཁྲག་རུས་ཀྱིས་འབྲེལ་བའི་བུ་རབས་ཚ་བརྒྱུད།

སེམས་ཀྱིས་གཉོར་ཞིང་གཅེས་པའི་བརྩེ་བ་ལྷད་མེད།

བགྲང་བྱའི་ཁུར་གྱིས་མནར་ཀྱང་ཐང་ལྷོད་བྲལ་བས།

ཕངས་མེད་ཚེ་མཐར་གཏུགས་པ་ཡུམ་ཆེན་ཁྱེད་ཡིན།

དབྱར་གྱི་མཛེས་སྡུག་སྟོན་ཁའི་ཕུན་ཚོགས་འཚོ་བ།

འཁོར་བའི་བདེ་སྐྱིད་གང་དགའ་གང་བཟང་ཡོད་ཚད།

བུ་རབས་ཉེ་བརྒྱུད་ཆེད་དུ་བློས་གཏོང་གནང་མཁན།

དམན་ས་རང་གིས་འཛིན་པའི་ཡུམ་ཆེན་ཁྱེད་ཡིན།

ལུས་སེམས་བདེ་བའི་སྐྱིད་སྣང་རང་གཞན་མེད་པར།

མཐའ་དག་འགྲོ་བའི་རེ་ས་ཉག་གཅིག་ལགས་ཀྱང་།

དཀའ་བའི་དུས་སུ་སྐྱོ་བའི་གདུང་མ་འདེགས་པའི།

བློ་སྤོབས་གཞན་འགྲན་མེད་པ་ཡུམ་ཆེན་ཁྱེད་ཡིན།

ཐུགས་རྒྱུད་གཡོ་བ་མེད་པ་ཆུ་གཏེར་གཏིང་ཡངས།

བྱམས་དང་བརྩེ་བ་དམ་པའི་མཛེས་པ་ལྟེམས་མེར།

གཡང་ཁྱིམ་གྲུ་བཞིའི་ཡིད་བཞིན་དབང་གི་རྒྱལ་པོ།

བདག་ཉིད་དྲིན་གྱིས་སྐྱོང་མཁས་ཡུམ་ཆེན་ཁྱོད་ཡིན།

མཉེས་གཤིན་བརྩེ་བ་རྒྱས་པའི་ནམ་མཁའ་ཡངས་པོ།

སེམས་ཀྱི་གཤོག་ཟུང་རྐྱོང་བའི་འཇིག་རྟེན་གཅིག་པུ།

བདེ་སྐྱིད་དཔག་ཏུ་མེད་པའི་ཁྱིམ་གཞིས་དྲོན་མོའི།

འཛད་མེད་གཡང་གི་མཚོ་མོ་ཡུམ་ཆེན་ཁྱེད་ཡིན།

འབྱུང་ཁམས་སྙོམས་པས་ནད་མེད་ཚེ་ཐག་རིང་ཞིང་།

ལས་བསོད་རྒྱས་ལ་སེམས་སྐྱིད་དགའ་བའི་ངང་ནས།

ཉེ་འབྲེལ་འཁོར་བའི་ཕུན་ཚོགས་མངའ་ཐང་འཕེལ་ཏེ།

ཆོས་མཐུན་བསམ་པའི་དོན་བཞིན་འགྲུབ་པར་ཤོག་ཅིག།