མག་མོག་རབ་རིབ།

《 海南报-藏文 》( 2025年09月30日 第 04 版 )

གཞི་ཚང་ཟླ་བ་གྲགས་པ།༼དཀར་མཛེས།༽

བྱ་རྒྱལ་ཁུ་བྱུག་མོན་ཡུལ་འཕུར་བའི་རྗེས།

ནམ་ཟླ་དུས་ཚིགས་ཙམ་དང་མི་འབྲེལ་བའི།

ང་ཡི་གཞིས་ཀར་སླར་ཡང་སྟོན་ཁ་ཚེས།

སྡོང་འགོར་ཐོགས་པའི་རྒྱ་ལྕང་ལོ་མ་ཡིས།

འགྱུར་ལྡོག་སུམ་བརྒྱ་དྲུག་ཅུའི་གཏམ་རྒྱུད་གླེང་།

གཡེལ་མོའི་སྤང་ལ་མདངས་ཀྱིས་བཞད་པ་ཡི།

མེ་ཏོག་གློ་ཁས་དར་རྒུད་ཉིས་ཁྲི་བཤད།

མཁའ་མཐའི་ཟླ་གཞོན་བག་ལ་ཉལ་བའི་མུར།

རི་ལུང་སྨག་གིས་བཏུམས་པའི་མཚན་གཞུང་ནས།

སླར་ཡང་རླུང་བུ་ལྡང་བྱུང་རྒྱང་རིང་ལགས།

དགའ་ལྡན་ལྷ་ལས་བབས་པའི་ཚུལ་གོས་ཀྱང་།

སྲིད་པའི་རླུང་གིས་ལྷབ་ལྷུབ་བསྒུལ་བྱུང་ལགས།

ད་སྐབས་ང་རང་མདོ་ཁམས་སྨད་ན་ཡོད།

དགེ་ཐང་པདྨ་རྒྱས་པའི་དགའ་ཚལ་ནས།

བགྲང་བྱ་བཅུ་ལ་འུར་རྡོ་མེད་ན་ཡང་།

རི་དྭགས་བྱ་བྱེད་གཤིས་ལ་སིམ་པ་ཡི།

བྱིས་པ་འགའ་ཡི་རྫི་བོ་བྱས་ནས་ཡོད།

ཀྱེ་ཀྱེ་དོ་ནུབ་དགུ་ཚིགས་སྐྱ་མོ་ཡིས།

འབྱུང་འགྱུར་མི་ཚེའི་ཁ་ཕྱོགས་བག་ཙམ་སྟོན།

སེམས་ཀྱི་ལག་ཟུང་དགུང་དུ་བསྲིང་བ་ན།

གནམ་གྱི་སྐར་མས་སྤྱན་གྱིས་ཨེ་གཟིགས་ལགས།

བྱང་ལམ་བསྙེག་དུས་སེམས་ཀྱི་དཔུང་རོགས་སུ།

རྟ་ཕོ་འགྲོས་བཟང་ཟོལ་གྱིས་ཨེ་འབྱོན་ལགས།