ཀརྨ་ཕུན་ཚོགས་ཀྱིས་ཐུན་ཏེ་དང་ཀོས་ནན་རྫོང་དུ་རྟོག་ཞིབ་བྱས་པ།
《 海南报-藏文 》( 2025年09月30日 第 02 版 )
རང་ཚགས་པར་གྱི་འཕྲིན། ཟླ9པའི་ཚེས24ཉིན་ནས་ཚེས25ཉིན་བར།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ཐུན་ཏེ་རྫོང་དང་ཀོས་ནན་རྫོང་དུ་མིག་སྔའི་གཙོ་གནད་བྱ་བར་རྟོག་ཞིབ་བྱས་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་གནང་སྐབས་བཏོན་པའི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་ལེན་གཏིང་ཟབ་བྱས་ནས།གནད་དོན་དང་མཇུག་འབྲས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་།འགན་འཁྲི་ལག་བསྟར་དང་གནད་འཁེལ་ནུས་འདོན་སྒོས།ནུས་པ་ཡོད་ཚད་ཀྱིས་འགོར་འགྱངས་བྱས་པའི་དུས་ཚོད་དང་འཕེལ་རིམ་དམ་འཛིན་བྱེད་པ་དང་ཆད་ལྷག་བྱུང་བའི་གླ་ཕོགས་ཁ་གསབ་བྱས་ཏེ།ཕྱོགས་ཡོངས་ནས་བྱ་བ་སོ་སོའི་སྤུས་ཚད་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་བྱ་དགོས་ཞེས་ནན་གྱིས་བསྟན།
ཀརྨ་ཕུན་ཚོགས་སྔ་གཞུག་ཏུ་ཐུན་ཏེ་རྫོང་འབའ་ལུང་ཤང་ཁ་སྒང་སྡེ་བ་དང་རྫོང་རིམ་པའི་མཉམ་འདྲེས་ཐོན་ལས་གླིང་།རྫོང་མི་རིགས་སློབ་འབྲིང་གཉིས་པ།ཀོས་ནན་རྫོང་མང་ཆུ་གྲོང་རྡལ་མཁར་ལྷོའི་སྐོར་ལམ་ནུབ་མ།ནང་སོ་སྡེ་བ།བ་རིང་ཆུ་གསོག་ནུས་འདོན་ཆུ་གློག་ས་ཚིགས་བཅས་སུ་སོང་ནས།ཡུལ་དངོས་རྟོག་ཞིབ་དང་བཞུགས་མོལ་ཚོགས་འདུ་བསྡུས་ཏེ།བསམ་བློ་བརྗེ་རེས་དང་སྙན་ཞུར་ཉན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས།དཔལ་འབྱོར་འཁོར་སྐྱོད་དང་གྲོང་གསེབ་དར་སྤེལ།ས་གཤིས་གནོད་འཚེ་འགོག་བཅོས།ཁྲིམས་འགལ་གྱིས་ས་ཞིང་བཀོལ་སྤྱོད་བྱས་པའི་གནད་དོན་བཅོས་སྐྱོང་།ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་པ་སོགས་ཀྱི་འབྲེལ་ཡོད་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་།ཁོས་དཔལ་འབྱོར་བརྟན་པོའི་ངང་འཕར་བར་ཤུགས་ཆེན་པོས་སྐུལ་འདེད་བྱས་ཏེ།བཟོ་སྐྲུན་ལྷག་མའི་དུས་ཚོད་དམ་འཛིན་དང་བཟོ་སྐྲུན་གྱི་རྩ་འཛུགས་ཇེ་ལེགས་སུ་གཏོང་བ།བཟོ་སྐྲུན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ།ཆད་ལྷག་བྱུང་བའི་གླ་ཕོགས་ཁ་གསབ་བཅས་བྱས་ཏེ།ཐབས་བརྒྱ་ཇུས་སྟོང་གིས་གཙོ་གནད་ལས་གཞིའི་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ལ།ས་ཞིང་དང་ཁོར་ཡུག་གི་ཤུགས་རྐྱེན་ལ་དཔྱད་འཇོག་བྱེད་པ།དངུལ་རྩ་མཉམ་བསྲེས་སོགས་ཀྱི་ཕྱོགས་གནས་པའི་དཀའ་ངལ་ཅན་གྱི་གནད་དོན་ཐག་བཅད་དེ།ལྗང་མདོག་བགྲོད་ལམ་བཏོད་ནས་དམིགས་བསལ་གྱི་ལས་དོན་དམིགས་བསལ་གྱིས་སྒྲུབ་སྟེ།མ་དངུལ་གཏོང་ཚད་དང་བཟོ་སྐྲུན་གྱི་ཚད་སོགས་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་བར་འགན་སྲུང་བྱ་དགོས།གྲོང་གསེབ་དར་སྤེལ་གྱི་གཙོ་གནད་འོས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་འབྱུང་དགོས་པ་དང་།འབྲེལ་མཐུད་མ་དངུལ་དང་ཞིང་སྤྱོད་མ་དངུལ་གྱི་ལས་གཞིའི་འཛུགས་སྐྲུན་ལ་དམ་པོར་དམིགས་ནས།ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ2025ལོའི་ལས་གཞིའི་འཛུགས་སྐྲུན་གྱི་འཕེལ་རིམ་དང2026ལོའི་ལས་གཞིའི་གྲ་སྒྲིག་བྱ་བ་མགྱོགས་པོར་གཏོང་དགོས།རོགས་སྐྱོར་སྲིད་ཇུས་འཐུས་ཚང་དུ་བཏང་ནས།ཡོང་སྒོ་ཅུང་དམའ་བའི་དབུལ་ཐར་ཁྱིམ་ཚང་དང་ངལ་རྩོལ་ནུས་པ་ཡོད་ཀྱང་དུས་ཡུན་རིང་པོར་ཉེན་ཁ་སེལ་མེད་པའི་ལྟ་ཞིབ་བྱ་ཡུལ་གཙོ་བོར་དོ་ཁུར་བྱེད་པ།སྲིད་ཇུས་དོན་འཁྱོལ་གནད་ལ་འཁེལ་བར་བྱས་ཏེ་ཉེན་ཁ་དུས་ལྟར་སེལ་དགོས།རྒྱུན་འཁྱོངས་ལྷོད་མེད་ཀྱིས་བདེ་འཇགས་ཀྱི་འགན་སྲུང་བརྟན་སྲུང་བྱེད་དགོས་པ་དང་ས་གཤིས་གནོད་འཚེའི་འགོག་བཅོས།ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བར་ཤུགས་བསྣན་ཏེ།གཙོ་གནད་ས་ཁུལ་དང་བྱུར་རྐྱེན་འབྱུང་སླ་བའི་ས་ཁུལ་ལ་ཉིན་མཚན་དབྱེར་མེད་དུ་སྐོར་ཞིབ་བྱས་ནས།དུས་ཐོག་ཏུ་བྱུར་རྐྱེན་ཤེས་དགོས་པ་དང་།མི་དམངས་གནས་སྤོར་བྱེད་པ།བྱུར་རྐྱེན་བཅོས་སྐྱོང་བཅས་བྱས་ནས།མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་དགོས།བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ།བདེ་འཇགས་ཐོན་སྐྱེད་ཀྱི་བྱུར་རྐྱེན་ལ་ཞིབ་བཤེར་དང་བཅོས་སྐྱོང་བྱེད་པའི་བྱ་འགུལ་ཕྱོགས་ཡོངས་ནས་སྤེལ་དགོས་པ་དང་།ཆད་ལྷག་གཅིག་ཀྱང་མི་འབྱུང་བར་འགན་སྲུང་བྱ་དགོས།སྤུས་ཚད་མཐོ་ལ་ཕན་ནུས་ལྡན་པའི་སྒོ་ནས་རིགས་སྣ་ཚོགས་ཀྱི་གནད་དོན་བཅོས་སྐྱོང་བྱ་བ་ལེགས་འགྲུབ་བྱ་དགོས་པ་དང་།ཉེ་བའི་ལོ་འགའི་རིང་ལ་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ངོས་ནས་སྐོར་ཞིབ་དང་ལྟ་སྐུལ།ཆེད་དོན་རྩིས་བཤེར།ས་ཞིང་འཆར་ཅན་གྱི་ལྟ་ཞིབ།གྲོང་གསེབ་དར་སྤེལ་མངའ་ཁོངས་ཀྱི་ཆེད་དོན་བཅོས་སྐྱོང་སོགས་ཀྱི་ཕྱོགས་ནས་ལྡོག་འདྲེན་བྱས་པའི་གནད་དོན་མང་པོར་དམིགས་ཏེ།ཆབ་སྲིད་ཀྱི་ངོས་ནས་བལྟ་དགོས་པ་དང་ཆབ་སྲིད་ཀྱི་ངོས་ནས་སྒྲུབ་པ།ཆབ་སྲིད་ཀྱི་ངོས་ནས་བཅོས་བསྒྱུར་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ།གནད་འཁེལ་ངོས་འཛིན་དང་གནད་འཁེལ་ཇུས་འདོན།རྗེས་འདེད་འདྲི་ཞིབ་བཅས་བྱས་ནས།གནད་དོན་བཅོས་སྐྱོང་བྱེད་པར་འགན་སྲུང་དང་ཡུན་རིང་དོ་དམ་བྱ་དགོས་པ་བསྟན།