བྱེ་སྣ་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་ཚན་རྩལ་ཁྱབ་སྤེལ་དྲིལ་སྒྲོག་ལྟེ་གནས་ཀྱི་སྒོ་ཕྱེས་པ།

《 海南报-藏文 》( 2025年06月11日 第 03 版 )

རང་ཚགས་པར་གྱི་འཕྲིན།ཉེ་སྔོན།ཀོས་ནན་རྫོང་བྱེ་སྣ་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་ཚན་རྩལ་ཁྱབ་སྤེལ་དྲིལ་སྒྲོག་ལྟེ་གནས་དངོས་སུ་སྒོ་ཕྱེས་པ་དང་།བྱེ་སྣ་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་གི་ཚན་རྩལ་ཁྱབ་སྤེལ་དྲིལ་སྒྲོག་སློབ་གསོ་ལྟེ་གནས་ཀྱི་སྐྱེ་ཁམས་ཕྱོགས་ཀྱི་ཤེས་བྱའི་སློབ་གསོ་དང་།བྱེ་ཐང་གི་སྲོག་ཆགས་དང་རྩི་ཤིང་ངོ་སྤྲོད།བྱེ་འགོག་སྐོར་གྱི་རིག་གནས་རྒྱུན་འཛིན་བཅས་གཞི་གཅིག་ཏུ་འདུ་བའི་བྱེ་འགོག་གི་གྲུབ་འབྲས་སྟོན་ས་ཞིག་ཏུ་གྱུར་ཡོད།

བྱེ་སྣ་སྔོན་ཆད་དམུ་གི་ཐང་ནས་ཤར་ལྷོའི་ཕྱོགས་སུ་རྒྱ་ཇེ་ཆེར་སོང་ཡོད་པ་དང་།དུས་རབས་སྔོན་མའི་དུས་དཀྱིལ་དུ་བྱེ་ཐང་ལོ་རེར་སྨི5ནས15བར་གྱི་མྱུར་ཚད་ཀྱིས་ཇེ་ཆེར་སོང་ནས་རྩྭ་ས་དང་རྨོ་ཞིང་སོགས་བྱེ་འོག་ཏུ་མནན།1996ལོ་ནས་བཟུང་ཀོས་ནན་རྫོང་གིས་གཞི་ཁྱོན་ཆེ་བའི་བྱེ་འགོག་བྱ་འགུལ་སྤེལ་ཏེ།ལོ་ངོ30རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་བྱེ་ཐང་དེ་ལྗང་མདོག་ཅན་ཏུ་བསྒྱུར་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བཟང་པོ་བླངས།

ཀོས་ནན་རྫོང་རང་བྱུང་ཐོན་ཁུངས་ཅུའུ་ཡི་བཟོ་བཀོད་པ་དབྱིན་པིང་ཧྥུན་གྱིས་བཤད་རྒྱུར།ཀོས་ནན་རྫོང་གི་གྲང་ངར་ཆེ་ཞིང་དབྱང་དབུགས་མི་འདང་བའི་ས་ཁུལ་དུ་བྱེ་ཐང་སྤང་ལྗོངས་སུ་བསྒྱུར་བའི་བྱས་རྗེས་ངོ་མཚར་ཅན་བཞག་པའི་གྲུབ་འབྲས་མི་མང་པོ་ཞིག་ལ་ཤེས་སུ་འཇུག་ཆེད།ཀོས་ནན་རྫོང་རང་བྱུང་ཐོན་ཁུངས་ཅུའུ་ཡིས་བྱེ་འགོག་བྱེ་བཅོས་རྗེས་དྲན་ཁང་གིས་ཚན་རྩལ་ཁྱབ་སྤེལ་དྲིལ་སྒྲོག་ལྟེ་གནས་བསྐྲུན་པ་དང་།རི་མོ་དང་བརྙན་རིས།པར་རིས་སོགས་ཀྱི་རྣམ་པའི་ཐོག་ནས་བྱེ་འགོག་བྱེ་བཅོས་ཀྱི་ལོ་རྒྱུས་བཞུད་ལམ་དང་གྲུབ་འབྲས་མངོན་པར་བྱས་ཡོད།།