དམངས་ཚིས་འཕེལ་རྒྱས་ལས་བྱུང་བའི་བདེ་སྐྱིད་ཀྱི་འཚོ་བ།

གསར་འགོད་པ།བུ་མོ་མཆོགདོན་འགྲུབ་སྒྲོལ་མ།

《 海南报-藏文 》( 2025年06月11日 第 03 版 )

དམངས་ཚིས་ཀྱི་གྲངས་འབོར་རེ་རེ་ཡིས་མཚོ་ལྷོའི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་མཚོན་ཡོད་ལ།དམངས་ཕན་སྲིད་ཇུས་ཤ་མོ་བརྡོལ་བ་བཞིན་ལག་བསྟར་བྱེད་བཞིན་པ་དེའང་མཚོན་ཡོད།ད་ལོར།མཚོ་ལྷོ་ཁུལ་གྱིས་དམངས་ཚིས་དོན་དངོས་ཀྱི་ལས་གཞི་སོ་སོ་ནན་ཏན་གྱིས་ལག་བསྟར་བྱས་ཏེ།སྨན་བཅོས་འགན་སྲུང་དང་སྐྱེ་ཁམས་སྲུང་སྐྱོང་།ལས་ཞུགས་སྐུལ་སྤེལ།སློབ་གསོའི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་སོགས་ཀྱི་ཐད་གྲུབ་འབྲས་ཁྱད་དུ་འཕགས་པ་ཞིག་བླངས་ཡོད་པ་རེད།

རིན་ཆེན་གྱིས་གསར་འགོད་པར་བསམ་ཡུལ་ལས་འདས་པ་ཞིག་ལ།འདི་འདྲའི་མགྱོགས་པོར་སྨན་བཅོས་འགན་སྲུང་དངུལ་བྱང་བུའི་ནང་ཐོན་པར་མ་ཟད།ང་ལ་ཁ་པར་བཏང་ནས་གསལ་བརྡ་བྱས་སོང་བས།དངོས་གནས་བཀའ་དྲིན་ཆེ་ཟེར་ནས་དགའ་སྤྲོ་སྐྱེས་བཞིན་འདུགའདི་ནི་ཁུལ་སྨན་བཅོས་འགན་སྲུང་ཅུའུ་ཡིས་བཏང་བའི་སེམས་ལ་དྲོད་ཁོལ་སྟེར་པའི་ཁ་པར་ཞིག་རེད།རིན་ཆེན་ལ་མགྱོགས་པོའི་སྒོ་ནས་སྨན་བཅོས་འགན་སྲུང་ནང་ཞུགས་པའི་རོགས་དངུལ་སྤྲད་པ་ཤེས་སུ་བཅུག་པར་མ་ཟད།ཁོང་དང་ཁྱིམ་མི་ཚོའི་བདེ་ཐང་ལ་དོན་དངོས་ཀྱི་འགན་སྲུང་བྱས་པ་རེད།

ཉེ་སྔོན།གསར་འགོད་པས་ཁུལ་སྨན་བཅོས་འགན་སྲུང་ཅུའུ་ནས་རྒྱུས་ལོན་བྱས་པ་ལྟར་ན།དམིགས་བསལ་མི་ཚོགས་ཀྱི་དམངས་ཚིས་འགན་སྲུང་བྱ་བ་ནན་ཏན་གྱིས་བསྒྲུབ་སྟེ།ད་ལོའི་ཟླ5པའི་ཟླ་མཇུག་བར།རང་ཁུལ་གྱིས་མ་མཐའི་འཚོ་བའི་འགན་སྲུང་ཡོད་པ་དང་དམིགས་བསལ་ཅན་གྱི་དཀའ་ངལ་ཡོད་པ། དབུལ་ཐར་མི་བཅས་མི52775གཏན་འབེབས་ཀྱི་ཚད་གཞི་ལྟར་སྨན་བཅོས་འགན་སྲུང་ནང་ཞུགས་པར་རོགས་དངུལ་སྒོར་ཁྲི1089.47སྤྲད་ལ།ཁུལ་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་དམིགས་བསལ་ཅན་གྱི་དཀའ་ངལ་ཡོད་པའི་མི་དང་།ཞིང་བའི་མ་མཐའི་འཚོ་བའི་འགན་སྲུང་ཡོད་པ།བསྐྱར་དུ་དབུལ་བོར་འགྱུར་པའི་མི་བཅས་མི8952ཀྱི་ཞག་སྡོད་སྨན་བཅོས་འགྲོ་གྲོན90%ལྟར་རྩིས་བརྒྱབ་པ་དང་།དབུལ་ཐར་མི5846གི་ཞག་སྡོད་སྨན་བཅོས་འགྲོ་གྲོན80%ལྟར་རྩིས་བརྒྱབ་ནས་འགྲོ་གྲོན་གྱི་དངུལ་གྲངས་སྒོར་ཁྲི930ལ་ཐོན་ཡོད་པ་རེད།འདི་ལྟར་ལག་བསྟར་བྱས་པའི་དམངས་ཕན་གྱི་གྲངས་འབོར་རེ་རེ་ཡིས་མི་དམངས་མང་ཚོགས་ཀྱི་བརྟན་ཞིང་འགྱུར་བ་མེད་པའི་བདེ་སྐྱིད་ཀྱི་འཚོ་བ་དེ་མངོན་པར་བྱས་ཡོད།

སྨན་བཅོས་འགན་སྲུང་རོགས་དངུལ་མང་ཚོགས་ཀྱི་དངུལ་བྱང་དུ་ཐོན་པ་དེས་ཚེ་སྲོག་ཅིག་ཡང་བསྐྱར་མཚོ་ལྷོ་ཁུལ་གྱི་ས་གཞི་ཆེན་པོ་འདི་ནས་བདེ་ཐང་གིས་གཉོམ་ལག་རྒྱས་མགོ་བརྩམས་པར་རེ་བ་སྦྱིན།

མིག་སྔའི་བར།མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི2025ལོའི་དམངས་ཚིས་དོན་དངོས20ལག་བསྟར་བྱ་དགོས་པའི་ཁྲོད་ཀྱི་དམངས་ཚིས་ལས་གཞི་གཉིས་འཛུགས་སྐྲུན་གྱི་འཕེལ་རིམ་ལྟར་ལག་བསྟར་བྱས་ནས།འགྲོ་སོང་སྒོར་ཁྲི422.81བཏང་སོང་ཞེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་འགན་འཁུར་བས་དེ་ལྟར་བཤད།

སྔོན་ཆད་ང་ཚོས་འཐུང་ཆུ་ཁྲོན་པར་བརྟེན་དགོས་པ་རེད།ད་ལྟ་རང་འབབ་ཆུ་སྤྱོད་ཐུབ་ཀྱི་ཡོད་ལ།ཆུའི་རྒྱུ་སྤུས་ཀྱང་ཇེ་བཟང་དུ་ཕྱིན་ཡོད་ཅེས་ས་གྲུ་བཞི་ཤང་ཁ་སྒང་གོང་མ་སྡེ་བའི་སྡེ་མི་རྒན་པ་ལི་ཡིས་སྤྲོ་བའི་ངང་དེ་ལྟར་བཤད།

ཁྲ་རིང་ཆུ་མཛོད་ནི་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་ས་གྲུ་བཞིའི་ཆུ་ལག་ཅིག་ཡིན་ལ།དེ་ནི་ཆུ་ལོག་འགོག་པ་དང་གྲོང་ཁྱེར་ལ་ཆུ་འདོན་པ།ས་གནས་དེའི་ཞིང་སར་ཆུ་འདྲེན་པ།མི་ཕྱུགས་ཀྱི་འཐུང་ཆུ་བཅས་གཞི་གཅིག་ཏུ་འདུས་པའི་ཆུ་མཛོད་ཅིག་ཡིན།གསར་འགོད་པས་སྐྱེ་ཁམས་ཁོར་ཡུག་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།མ་དངུལ་སྒོར་ཁྲི4130.24བཏང་ནས་ཆུ་མཛོད་ཀྱི་ཆུ་མགོ་སྲུང་སྐྱོང་དང་ཆུ་བོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སླར་གསོ་བྱས་པར་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།སྐྱེ་ཁམས་ཁོར་ཡུག་ཅུའུ་ཡིས་དུས་ནམ་ཡང་ཆབ་ཆའི་ཁྲ་རིང་ཆུ་མཛོད་དང་ཆུ་བོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སླར་གསོའི་བྱ་བ་གཙོར་བཟུང་ནས།ཆུ་བོའི་འགྲམ་ངོགས་ཀྱི་འབག་བཙོག་སྐྱེ་དངོས་རིགས་སྔོན་འགོག་བྱེད་ས་དང་ཆུའི་མགོ་ཁུངས་གསོ་སྐྱོང་བྱེད་ས།གཙང་པོའི་འགྲམ་རྒྱུད་སླར་གསོ།བགྲོད་ལམ་ཕྱོགས་གཉིས་ཀྱི་འགོག་སྲུང་ལྕགས་ར་འཛུགས་སྐྱོང་བྱས་ནས།མིག་སྔའི་བར་ལས་གཞི་དེ་དག་གི་སྤྱིའི་ལས་གྲྭའི་ཕྱེད་ཀ་ལེགས་འགྲུབ་བྱུང་ཡོད་པ་རེད།

ལས་ཞུགས་ནི་དམངས་ཚིས་ཀྱི་གཞི་རྩ་ཡིན་ལ།ལས་རིགས་གསུམ་མཉམ་འགུལ་བྱེད་པར་སྐུལ་འདེད་གཏོང་ཆེད།ཕྱོགས་མང་པོ་དང་ཁྱབ་ཁོངས་མང་པོར་ལས་ཞུགས་ཀྱི་གོ་སྐབས་མཁོ་སྤྲོད་བྱས་ཤིང་།ད་ལོའི་ཟླ5པའི་ཟླ་མཇུག་བར།ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས1426གསར་སྣོན་བྱས་ཡོད་པ་དང་།རོང་འབྲོག་ཁུལ་གྱི་ལས་ཞུགས་མི་ཁྲི2.54ལ་སླེབས་ཤིང་།མི6285ལ་ལས་རིགས་ལག་རྩལ་གྱི་གསོ་སྦྱོང་སྤེལ་བ་དང་།མཐོ་རིམ་སློབ་གྲྭའི་སློབ་མའི་ལས་ཞུགས་རོགས་སྐྱོར་བྱེད་ཚད92.06%ལ་སླེབས་ཏེ།ལས་འགན་སོ་སོའི་གཙོ་གནད་ཀྱི་དམིགས་ཚད་དེ་ཟླ1གི་སྔོན་ལ་མངོན་འགྱུར་བྱུང་ཡོད།

སློབ་གསོ་ནི་དམངས་ཚིས་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས།མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་།བདེ་སྣང་བཅས་ལ་འབྲེལ་བ་དམ་པོ་ཡོད། ཁུལ་སློབ་གསོ་ཅུའུ་ཡི་སྤྱི་བསྡོམས་ཀྱི་གྲངས་ཀ་ལས་མངོན་པ་ལྟར་ན།མིག་སྔའི་བར།མ་དངུལ་སྒོར་དུང་ཕྱུར4.7དོན་འཁྱོལ་བྱས་ནས་གུང་ཧོ་རྫོང་སློབ་འབྲིང་གི་རྒྱས་སྐྲུན་ལས་གཞི་དང་ཐུན་ཏེ་རྫོང་རྨ་བྱང་ཤང་དབྱི་ཧྥུ་སློབ་གྲྭའི་ཉམས་གསོའི་ལས་གཞི།ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་དཔེ་མཛོད་ཐོག་ཁང་གི་ལས་གཞི་འཛུགས་སྐྲུན་བྱེད་པར་སྤྱད་པ་དང་།དེ་མིན།ས་གནས་གཞན་དུ་སློབ་གསོ་སྤེལ་བའི་འབྲེལ་བ་དམ་ཟབ་གཏོང་བར་བརྟེན་ནས་ནན་ཐུང་སློབ་གྲྭ་ཆེན་མོའི་ཁོངས་གཏོགས་སློབ་འབྲིང་དུ་མཚོ་ལྷོའི་འཛིན་གྲྭ1གསར་དུ་བཙུགས་ཏེ།སློབ་མ50བསྡུ་འཆར་ཡོད་པ་དང་།ཅང་ཉིང་དང་ནན་ཐུང་འཛིན་གྲྭའི་སློབ་མའི་མི་གྲངས་ལོ་རེར180ཐོན་གྱིན་ཡོད།གྲངས་ཀ་འདི་དག་གིས་བྱིས་པ་རེ་རེ་ཡི་མིག་རྒྱང་རིང་དུ་གཏོང་བ་དང་ཕུགས་འདུན་ལ་འོད་སྣང་སྦྱིན་པ་མཚོན་ཐུབ།གྲངས་འབོར་འདི་དག་གི་རྒྱབ་ཏུ།སྲིད་དམངས་གཉིས་མཉམ་དུ་དར་བ་མཚོན་ཡོད་ལ།གྲངས་འབོར་རེ་རེ་ཡིས་དམངས་ཚིས་བདེ་སྐྱིད་ཀྱི་ཚད་གཞི་དང་མི་དམངས་མང་ཚོགས་གཙོར་བཟུང་བའི་སྲིད་ཕྱོགས་ཀྱི་དྲོད་ཁོལ་དེའང་མཚོན་ཡོད།།