རང་ཁུལ་གྱིས་བྱེད་ཐབས་མང་པོ་སྤྱད་དེ་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་ཤུགས་བསྣན་པ།

《 海南报-藏文 》( 2025年03月26日 第 02 版 )

རང་ཚགས་པར་གྱི་འཕྲིན།ཉེ་བའི་ལོ་ཤས་རིང་།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མང་ཚོགས་ས་གནས་ཀྱི་ལས་ཀར་ཞུགས་པ་དང་ས་ཁོངས་གཞན་དུ་ལས་ཀར་ཞུགས་པའི་ཕྱོགས་སུ་འབད་པ་བྱས་ཏེ།རོང་འབྲོག་མང་ཚོགས་ཀྱིས་ཡོང་སྒོ་འཚོལ་ཐུབ་པ་བྱས་ནས་སྤྱི་ཚོགས་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་ནུས་པ་གལ་ཆེན་ཐོན་ཡོད་ཅེས་ཁུལ་དཔོན་གཞོན་པ་བསོད་ནམས་བདེ་སྐྱིད་ཀྱིས་དེ་ལྟར་བཤད།

ཉེ་སྔོན་རང་ཁུལ་གྱིས་ཤེས་ལྡན་མི་སྣའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་ཕན་ནུས་བསྐྲུན་ཅེས་པ་བརྗོད་བྱ་ཡིན་པའི་མཚོ་ལྷོ་ཁུལ་མི་ཤུགས་ཐོན་ཁུངས་འཕེལ་རྒྱས་ཀྱི་སྐབས་དང་པོའི་ཚོགས་ཆེན་བསྡུས་ཤིང་།ཞིང་ཆེན་ཕྱི་ནང་གི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་དང་།ངལ་རྩོལ་བའི་བར་ཁེ་བ26དང་མཉམ་དུ་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏོང་བའི་ཕྱོགས་ལ་ཞིབ་བསྡུས་བྱས་པ་དང་།ཕུལ་བྱུང་ཞབས་ཞུའི་ལས་ཁུངས་དང་ངལ་རྩོལ་བའི་བར་ཁེ་བར་ལས་ཞུགས་ཀྱི་ཁ་གསབ་མ་དངུལ་སྤྲད་དེ།ལས་རིགས་ལས་ཁུངས་དང་ངལ་རྩོལ་བའི་བར་ཁེ་བས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱི་རོལ་དུ་ལས་ཞུགས་བྱེད་པའི་ཧུར་སེམས་ལ་སྐུལ་སློང་བྱས།

དེ་རིང་བླངས་པའི་སྒོར་ཁྲི15ཡི་ཁ་གསབ་རོགས་དངུལ་འདི་ཚང་མ་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ཁྲོད་དུ་བཏང་ནས་དེ་ལས་མང་བའི་རོང་འབྲོག་མང་ཚོགས་ཕྱི་རུ་ལས་ཀར་འགྲོ་བར་རོགས་རམ་བྱ་རྒྱུ་ཡིན་ཞེས་མཚོ་ལྷོ་ཁུལ་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་རྒྱལ་ལོ་ཚེ་རིང་གིས་དེ་ལྟར་བཤད།རྒྱུས་ལོན་བྱས་པ་ལྟར་ན།མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་མཐུན་ཚོགས་ཀྱིས་ད་ལོར་པེ་ཅིང་དང་ཐེན་ཅིན།ཧོ་པེ།ཁྲེང་ཡུས་སོགས་ས་ཁོངས་སུ་ཞིང་ཆེན་ཕྱིའི་ལས་ཀ་བའི་བྱ་བའི་ས་ཚིགས5ཁ་སྣོན་བྱས་ནས་ས་གནས་དེ་གའི་ཁེ་ལས་དང་ཚོང་གཉེར་ཚོགས་པ་དང་མཉམ་འབྲེལ་བྱས་ཏེ་ངལ་རྩོལ་ནུས་ཤུགས་ཀྱི་ཐོན་ཁུངས་དང་ལས་མི་མཁོ་བའི་དགོས་མཁོ་བསྐང་བ་རེད།

མཚོ་ལྷོ་ཁུལ་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་མཐུན་ཚོགས་ཀྱིས་ཁུལ་ནང་གི་ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་ལས་མི་མཁོ་བའི་དགོས་མཁོར་དམིགས་ནས།འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་བཟོ་ལས་ཆ་འཕྲིན་ཅུའུ།ལྗང་མདོག་ཐོན་ལས་གླིང་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་ལ་ནུས་ཁུངས་གསར་པའི་ལས་གཞི་འཛུགས་སྐྲུན་ལ་ལས་མི་མཁོ་བའི་གྲོས་མཐུན་གན་རྒྱ་བཞག་སྟེ།ནུས་ཁུངས་གསར་པའི་ལས་གཞི་འཛུགས་སྐྲུན་ལ50%ཡན་གྱི་ལས་ཀ་བའི་ཞབས་ཞུ་མཁོ་འདོན་བྱས་ཡོད་པས།སྔོན་དཔག་བྱས་ན་ས་གནས་ཀྱི་ལས་ཀ་བ་མི་ཁྲི1ཡན་བསྡུ་ཐུབ་པ་དང་།ཐོན་ལས་དང་ལས་ཞུགས་གཉིས་ཀྱི་ལས་རིགས་མཉམ་འདྲེས་འཕེལ་རྒྱས་མངོན་འགྱུར་བྱེད་ཐུབ།།