ཀོས་ནན་གྱིས་བྱ་ཕྲུག་གསོ་སྤེལ་ཐོན་ལས་ལ་བརྟེན་མང་ཚོགས་ཕྱུག་འགྱུར་དུ་བཏང་བ།
《 海南报-藏文 》( 2024年10月30日 第 02 版 )
རང་ཚགས་པར་གྱི་འཕྲིན། ཞོགས་པའི་ཉི་གཞོན་གྲོང་གསེབ་ཀྱི་ཞིང་ཁར་འཕྲོས་པ་དང་བསྟུན་ནས་བྱ་ཕྲུག་གསོ་སྤེལ་ར་བའི་ནང་དུ་སྔ་མོ་ནས་བྲེལ་འཚུབ་ཆེ་བའི་རྣམ་པས་ཁེངས་ཡོད་ལ།ཀོས་ནན་རྫོང་མང་ཆུ་གྲོང་རྡལ་ལྕང་སྡོང་སྡེ་བའི་བྱ་ཕྲུག་གསོ་སྤེལ་ར་བར་མི་རྣམས་ཀྱིས་བྱ་ཕྲུག་ཉོ་འཚོང་གི་ལས་ལ་བྲེལ་བཞིན་ཡོད་པ་དེའི་བྱ་ཕྲུག་གསོ་སྤེལ་ཐོན་ལས་ཀྱི་ལམ་ཁ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་ཚོར་ཐུབ།
བྱ་ཕྲུག་གསོ་སྤེལ་བྱ་བ་དེར་བལྟས་ན་སླ་མོ་ཞིག་ཡིན་ཀྱང་དོན་དངོས་ཐོག་ལག་རྩལ་དང་དོ་དམ་གྱི་ཆ་རྐྱེན་ཧ་ཅང་མཐོ།ཀོས་ནན་རྫོང་མང་ཆུ་གྲོང་རྡལ་ལྕང་སྡོང་སྡེ་བའི་ཨུ་ཡོན་གཉིས་དང་མཚོ་སྔོན་ཞིང་ཆེན་འཛུགས་སྐྲུན་དངུལ་ཁང་གཉིས་ཀྱིས་སྡེ་མིའི་གསོ་སྤེལ་བྱ་བར་ཁྲིད་སྟོན་དང་རོགས་སྐྱོར་བྱས་ནས།སྡེ་བའི་ནང་གསོ་སྤེལ་ཁྱིམ་ཚང80ཡོད་པ་དང་ཁྱིམ་ཚང་རེར་གསོ་སྤེལ་གྲངས་འབོར100ཡན་ཟིན་ཡོད་པ་རེད།སྤུས་ལེགས་བྱ་ཕྲུག་གི་སྣ་ཁ་ཞིབ་ཚགས་ངང་བདམས་ནས་བྱ་ཕྲུག་ལ་སྐྱེ་འཚར་གྱི་ནུས་པ་དང་ནད་འགོག་ནུས་པ་བཟང་པོ་ལྡན་པར་འགན་ལེན་བྱས་ནས།ཚན་རིག་དང་མཐུན་པའི་གཟན་ཆག་སྟེར་བ་དང་།རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་གོ་རིམ་ཡོངས་ལ་ལྟ་རྟོག་ནན་མོ་བྱས་ཏེ།བྱ་ཕྲུག་དག་བདེ་ཐང་གི་ཁོར་ཡུག་ཁྲོད་གསོ་སྤེལ་བྱེད་བཞིན་ཡོད།
བྱ་ཕྲུག་གསོ་སྤེལ་ཞིབ་ཚགས་བྱས་པ་བརྒྱུད་ཕྱིར་འཚོང་གི་ཚད་གཞིར་སླེབས་པ་དེ་ནི་གསོ་སྤེལ་ཁྱིམ་ཚང་གིས་དཀའ་སྤྱད་འབད་བརྩོན་བྱས་པའི་གྲུབ་འབྲས་ཤིག་ཡིན་པར་མ་ཟད།གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་དུས་སྐབས་གལ་ཆེན་ཞིག་ཀྱང་ཡིན་པས།བདེ་ཐང་གི་བྱ་ཕྲུག་རེ་རེ་ཁྲོམ་རར་བསྐྱལ་ནས་འཛད་སྤྱོད་པའི་གསོལ་ལྕོག་ཐོག་གི་ཞིམ་མངར་ལྡན་པའི་ཟས་མཆོག་ཏུ་གྱུར་ནས་ཁྲོམ་རའི་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད།དེས་ཁྲོམ་རའི་དགོས་མཁོ་སྐོང་ཐུབ་པར་མ་ཟད་གསོ་སྤེལ་ཁྱིམ་ཚང་ལའང་ཡོང་སྒོ་མི་ཉུང་བ་ཞིག་ཐོབ་གྱིན་ཡོད།བྱ་ཕྲུག་གསོ་སྤེལ་བྱ་རྒྱུ་དེ་ཞིང་པ་ཕྱུག་འགྱུར་གྱི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ནས་གྲོང་གསེབ་དར་སྤེལ་ལ་གསོན་ཤུགས་གསར་བ་བསྩལ།