རང་ཁུལ་གྱི་ཞིང་ཕྱུགས་ཐོན་རྫས་ཀྲུང་གོ་ཞང་ཀང་རྒྱལ་སྤྱིའི་ཟས་མཆོག་འགྲེམ་སྟོན་སྟེང་བཤམས་པ།

《 海南报-藏文 》( 2024年08月28日 第 02 版 )

རང་ཚགས་པར་གྱི་འཕྲིན།ཉེ་སྔོན།སྐབས34པའི་ཀྲུང་གོའི་ཞང་ཀང་རྒྱལ་སྤྱིའི་ཟས་མཆོག་འགྲེམ་སྟོན་འདུ་ཚོགས་དེ་ཞང་ཀང་རྒྱལ་སྤྱིའི་ཚོགས་འདུའི་འགྲེམས་སྟོན་ལྟེ་གནས་སུ་གཟབ་རྒྱས་ངང་མགོ་ཚུགས་ཤིང་།ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུའུ་ཡིས་ལུང་དབྱང་ཞན(མཚོ་སྔོན)མ་རྐང་ཚད་ཡོད་ཀུང་ཟི་དང་མཚོ་བོད་ཚོ་པའི་ཞིང་ཕྱུགས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་ཟི།མཚོ་སྔོན་མཚོ་བོད་ཧྭ་ཧྥུང་སྦྲང་ལས་རིགས་ཚད་ཡོད་ཀུང་ཟི་སོགས་ཁེ་ལས14ཡི་བོད་ལུག་ཤ་དང་ནས་ཀྱི་ཐོན་རྫས།ཉ་སལ་མོན།སྦྲང་རྩིའི་ཐོན་རྫས།དབྱར་རྩྭ་དགུན་འབུ།ལོག་དཀར་སྣུམ་སོགས་རིགས་ཆེ་གྲས་དྲུག་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས20ལྷག་ཙམ་རྩ་འཛུགས་ཞིབ་ཚགས་བྱས་ནས།ཀྲུང་གོའི་ཞང་ཀང་གི་རྒྱལ་སྤྱིའི་ཟས་མཆོག་འགྲེམ་སྟོན་ཚོགས་འདུ་ཐོག་མར་འཚོགས་པ་རེད།

ཞང་ཀང་གི་ཟས་མཆོག་བཤམས་སྟོན་འདུ་ཚོགས་ནི་ཞང་ཀང་ཉོ་ཚོང་འཕེལ་རྒྱས་ཅུའུ་ཡིས་གཙོ་སྒྲུབ་བྱས་པ་དང་།མིག་སྔར་ཞང་ཀང་གི་གཞི་ཁྱོན་ཆེ་ཤོས་དང་སྐད་གྲགས་ཆེ་ཤོས་ཀྱི་རྒྱལ་སྤྱིའི་ཟས་རིགས་ཀྱི་འགྲེམས་སྟོན་འདུ་ཚོགས་ཆེ་གྲས་ཤིག་ཡིན་ལ།1989ལོར་འཚོགས་པ་ནས་བཟུང་ལོ་ལྟར་འཛམ་གླིང་ས་ཆ་སོ་སོའི་རྒྱལ་སྤྱིའི་བཟའ་བཏུང་ལས་རིགས་ནང་གི་ཕུལ་བྱུང་མི་སྣ་དང་སིལ་ཚོང་ཁང་།ཟས་རིགས་ཁེ་ལས་བཅས་ཞུགས་བཞིན་ཡོད་པ་དང་།ནང་ལོག་གི་ཞིང་ལས་སྤུས་ལེགས་ཐོན་རྫས་དག་ཀྱང་ཞང་ཀང་གི་ཚོང་རར་ཐོན་ཡོད་པར་མ་ཟད་འཛམ་གླིང་རྒྱལ་ཁབ་སོ་སོར་ཐོན་ཡོད།དེའི་ནང་རང་ཁུལ་གྱི་ལྷད་མེད་སྐྱེ་ལྡན་ཐོན་རྫས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོས་དགའ་བསུ་ཐོབ།

ཁུལ་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་ཐོན་རྫས་སྣ་གཅིག་ཡིན་པ་དང་།ནོར་ལུག་གི་ཤ་དང་ནས།ལོག་དཀར་སྣུམ།འོ་ལས་ཐོན་རྫས།སྦྲང་རྩིའི་ཐོན་རྫས་སོགས་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་གཞི་ཁྱོན་ཅན་དུ་ཕྱིར་གཏོང་ཐུབ་མེད་པའི་དཀའ་ཁག་སེལ་ཆེད།རང་ཁུལ་གྱིས་མཐུན་སྦྱོར་ཞབས་ཕྱི་ཡག་པོ་བྱས་ཏེ།ཞིང་ཕྱུགས་ཐོན་རྫས་ཀོང་ཏུང་དང་ཞང་ཀང་།ཨའོ་ནུན།ཐའེ་ཝན་ས་ཁུལ་གྱི་ཚོང་རར་བཀྲམ་པ་མ་ཟད།ཞང་ཀང་བརྒྱུད་དེ་བར་བརྒྱུད་རྒྱལ་སྤྱིའི་ཚོང་རར་འགྲེམ་གང་ཐུབ་བྱ་རྒྱུ་དང་།རང་ཁུལ་གྱི་ལྷད་མེད་སྐྱེ་ལྡན་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་།དེ་དང་ཆབས་ཅིག་གཙོ་གནད་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱི་མཉམ་འབྲེལ་རོགས་སྐྱོར་བྱ་བའི་ལམ་སྲོལ་རྒྱུན་མཐུད་ངང་འདོན་སྤེལ་བྱས་ཏེ།ཁེ་ལས་རྒྱལ་ཁབ་ཕྱི་ནང་གི་གཙོ་གནད་འགྲེམས་ཚོགས་སམ་ཡང་ན་ལས་རིགས་ཀྱི་སྤུས་རྟགས་འགྲེམས་ཚོགས་ནང་ཞུགས་རྒྱུ་རྩ་འཛུགས་བྱས་ནས།རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་སྟོབས་ཤུགས་གསར་པ་སྔོག་འདོན་གཏིང་ཟབ་བྱས་ཏེ།རྒྱལ་ཁབ་ཕྱི་ནང་གི་ཚོང་དོན་མཉམ་འདྲེས་འཕེལ་རྒྱས་དང་འཛད་སྤྱོད་ཕྱོགས་སྒྱུར་རིམ་སྤོར་བཅས་ལ་སྐུལ་འདེད་བཏང་ནས།མངའ་ཁོངས་ཕྱི་ནང་གི་ཚོང་ར་རྒྱ་སྐྱེད་བཏང་།ཞིང་ཆེན་ཡོངས་ཀྱི་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་སའི་སྔོན་བསྐྱོད་དཔེ་སྟོན་ཁུལ་བསྐྲུན་པར་རོགས་རམ་བྱས་ཏེ། ཁུལ་ཡོངས་ཀྱི་ཕྱིར་དམིགས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་།