སློབ་གསོ་པུའུ་ཡིས་བཏང་བའི2024ལོའི་མཐོ་རྒྱུགས་སྔོན་གྱི་དྲན་སྐུལ།


2024ལོའི་མཐོ་རྒྱུགས་སླེབ་ལ་ཉེ་བའི་མཚམས་འདིར།སློབ་གསོ་པུའུ་ཡིས2024ལོའི་མཐོ་རྒྱུགས་ཀྱི་ཉེན་བརྡ་བཏང་ནས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ཀྱིས་དོགས་ཟོན་ཆེར་བསྐྱེད་བྱས་ཏེ་མགོ་སྐོར་མི་ཐེབས་པར་བྱེད་དགོས་པའི་དྲན་སྐུལ་བྱས་འདུག

གཅིགམཐོ་རྒྱུགས་རྐུ་བཤུའི་གཡོ་ལས་རྩ་འཛུགས་བྱས་ན་ཁྲིམས་ཀྱི་དྲ་བ་ལས་ཐར་དཀའ།

2023ལོའི་མཐོ་རྒྱུགས་མ་བླངས་གོང་དུ།ཉེས་ཅན་པསQQཚོགས་པ་བརྒྱུད་ནས་རྒྱུགས་སྤྲོད་སློབ་མར་རྒྱུགས་ལེན་སྐབས་དྲི་ལན་མཁོ་འདོན་བྱ་རྒྱུ་ཁས་ལེན་བྱས་པ་དང་།རྒྱུགས་སྤྲོད་སློབ་མར་གློག་རྡུལ་སྒྲིག་ཆས་འཁྱེར་ཏེ་དྲི་གཞི་བསྐུར་དགོས་པའི་རེ་བ་བཏོན་ཡོད།སློབ་གསོ་པུའུ་དང་སྤྱི་བདེ་པུའུ་སོགས་འབྲེལ་ཡོད་སྡེ་ཁག་གིས་མཉམ་འབྲེལ་མྱུལ་དཔྱད་བྱས་ནས་མཐོ་རྒྱུགས་མ་བླངས་གོང་ལ་ཉེས་གསོག་ཚོགས་པ་དེ་རྩ་མེད་བཏང་ཡོད།

ཉེ་བའི་ལོ་ཤས་ནང་།ས་གནས་ཁག་གི་སྤྱི་བདེ་སྡེ་ཁག་གི་སློབ་གསོའི་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ།ཡིག་རྒྱུགས་དང་འབྲེལ་བ་ཡོད་པའི་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏང་རྒྱུ་རྒྱུན་འཁྱོངས་བྱས་ཡོད། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་ཚོས་ཁྲིམས་ལུགས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་ཁྲིམས་ཤེས་པ་དང་ཁྲིམས་བརྩི་སྲུང་བྱས་ཏེ་ཁེ་ཕན་ཆུང་ངུའི་དོན་དུ་ཚེ་གང་གི་གནོང་འགྱོད་མི་བཟོ་བའི་དྲན་སྐུལ་བྱས་འདུག

གཉིས།ཚབ་རྒྱུགས་བླངས་ནས་ཁྲིམས་ལུགས་ཀྱི་གཟི་རྔམ་ལ་ཚོད་བགམ་བྱེད་མི་ཉན།

2020ལོར་ཞིང་ཆེན་ཞིག་གི་སྤྱིར་བཏང་མཐོ་སློབ་ལ་མཛེས་རྩལ་དང་འཆར་འགོད་ཆེད་ལས་ཀྱི་སློབ་མ་བསྡུ་བའི་གཅིག་གྱུར་ཡིག་རྒྱུགས་ནང་།བར་མི་གཉིས་ཀྱིས་སློབ་ཆེན་སློབ་མ་ཞིག་བཙལ་ནས་གཞན་གྱི་ཚབ་ཏུ་རྒྱུགས་གཏོང་བར་མངགས་པ་དང་།དེ་ཉེན་རྟོག་པས་བཟུང་ཡོད།བར་མི་དེ་གཉིས་ལ་སོ་སོར་ལོ3དང་ཟླ8དང་།ལོ3དང་ཟླ2ཀྱི་དུས་བཀག་བཙོན་འཇུག་གི་ཆད་པ་བཅད་པ་དང་།ཚབ་རྒྱུགས་གཏོང་མཁན་དེས་ཡིག་རྒྱུགས་ཚབ་གཏོང་གི་ནག་ཉེས་བསགས་པས་བཙན་ཉར་ཟླ5ཡི་ཆད་པ་བཅད་པ་དང་།ལོ1དུས་འགྱངས་བྱས་ནས་ཆད་གཅོད་བྱས་ཡོད།

ཉེ་བའི་ལོ་ཤས་ནང་།རྒྱལ་ཁབ་སློབ་གསོ་ཡིག་རྒྱུགས་ཀྱི་དོ་དམ་ནང་ལག་རྩལ་གསར་པ་ཁག་ཅིག་རིམ་བཞིན་བཀོལ་སྤྱོད་བྱས་ནས་ཚབ་རྒྱུགས་གཏོང་བ་སོགས་ཀྱི་གཡོ་ལས་འགོག་ཐབས་བྱེད་ཀྱི་ཡོད།མ་གཞི་མཐོ་རྒྱུགས་ནི་གལ་ཆེ་བ་ཞིག་ཡིན་རུང་།བདེན་པ་བདེན་ཐུབ་བྱ་རྒྱུ་ནི་དེ་བས་ཀྱང་གལ་ཆེ་བ་ཡོད།ཉེས་ཅན་པའི་ཁ་མཁས་གཏམ་སྙན་ལ་ཡིད་ཆེས་བྱ་རྒྱུ་མིན་ལ།དེ་བས་སྟེས་དབང་གི་བསམ་པ་བཅངས་ནས་གཞན་གྱི་ཚབ་བྱས་ཏེ་ཡིག་རྒྱུགས་ནང་ཞུགས་པའམ་མི་གཞན་རང་གི་ཚབ་ཏུ་ཡིག་རྒྱུགས་ལ་ཞུགས་སུ་འཇུག་རྒྱུ་མེད།དེ་ལྟར་བྱས་ན་ར་སྤུའི་འུར་རྡོ་ར་ཡི་མགོ་བོ་ལ་འཁོར་རྒྱུ་ལས་མེད།

གསུམ།ཡིག་རྒྱུགས་རྐུ་བཤུ་བྱེད་པའི་སྒྲིག་ཆས་འཁྱེར་ན་མདུན་ལམ་བརླག་རྒྱུ་རེད།

2022ལོའི་མཐོ་རྒྱུགས་སྐབས། རྒྱུགས་སྤྲོད་སློབ་མ་ཞིག་གིས་བདེ་འཇགས་ཞིབ་བཤེར་ལས་གཡོལ་ནས་ཁ་པར་འཁྱེར་ཏེ་རྒྱུགས་རའི་ནང་འཛུལ་བར་མ་ཟད།དྲི་གཞི་པར་དུ་བླངས་ནསQQཚོགས་པའི་ནང་བསྐུར་ནས་དྲི་ལན་རེག་ཐབས་བྱས་མོད། འོན་ཀྱང་ལམ་སང་སྤྱི་བདེ་སྡེ་ཁག་གིས་འཛིན་བཟུང་བྱས་ཤིང་།འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅོད་ནན་མོ་བྱས་ཡོད།

ཉེ་བའི་ལོ་ཤས་རིང་།སློབ་གསོ་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་རྒྱུགས་རའི་ནང་ཁ་པར་སོགས་ཡིག་རྒྱུགས་རྐུ་བཤུའི་སྒྲིག་ཆས་སྤྱོད་པར་ཆེད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་བཀོད་སྒྲིག་བྱས་ཤིང་།ཁ་པར་སྤྱད་དེ་ཡིག་རྒྱུགས་རྐུ་བཤུ་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ཡོད།རྒྱུགས་སྤྲོད་སློབ་མས་རྒྱུགས་རའི་སྒྲིག་ལམ་སྲུང་བ་དང་།རྒྱུགས་རའི་དོ་དམ་ལ་བརྩི་སྲུང་ཞུས་ཏེ་ཁ་པར་སོགས་བཀག་སྡོམ་ཅ་དངོས་འཁྱེར་མི་རུང་།ཡིག་རྒྱུགས་ཐེངས་གཅིག་གི་དོན་དུ་ཚེ་གང་གི་གནོང་འགྱོད་བཟོས་ན་དེ་ནི་ཁེ་གྱོང་རང་ག་བ་ཞིག་གཏན་ནས་མིན།

བཞི། མཐོ་རྒྱུགས་ཀྱི་རེ་འདུན་ལོག་བཅོས་བྱེད་སྲིད་པས་ཆ་འཕྲིན་ཕྱི་ལ་མི་གྱར་བ་བྱ་དགོས།

ཞིང་ཆེན་ཞིག་གི་རྒྱུགས་སྤྲོད་སློབ་མ་ཞིག་དང་སློབ་གྲོགས་གཞན་ཞིག་གི་འབྲེལ་བ་ཡག་པོ་མེད་པས།སློབ་གྲོགས་གཞན་དེའི་རྒྱུགས་ཞུགས་ལག་འཁྱེར་ཨང་གྲངས་སྤྱད་ནས་མཐོ་རྒྱུགས་ཀྱི་རེ་འདུན་ལོག་བཅོས་བྱས་ཏེ་སློབ་གྲོགས་དེར་ཤུགས་རྐྱེན་ངན་པ་བཟོས་ཡོད།སྤྱི་བདེ་སྡེ་ཁག་གིས་སློབ་མ་དེར་སྲིད་འཛིན་བཀག་ཉར་ཉིན5ཡི་ཆད་པ་བཅད་པ་དང་།ཞིང་ཆེན་སློབ་བསྡུ་གཞུང་དོན་ཁང་གིས་གནོད་འཚེ་ཕོག་མཁན་དེར་མཐོ་རྒྱུགས་ཀྱི་རེ་འདུན་བསྐྱར་འགོད་བྱེད་དུ་བཅུག་ནས་མཐོ་རྒྱུགས་འདྲ་མཉམ་དྲང་བདེན་ཡོང་བ་བྱས་ཡོད།

མཐོ་རྒྱུགས་ནི་གལ་ཆེན་པོ་ཞིག་ཡིན་པས་སྒེར་གྱི་ཆ་འཕྲིན་བདེ་འཇགས་སྲུང་སྐྱོང་བྱ་རྒྱུར་དོ་སྣང་བྱ་དགོས། རྒྱུགས་སྤྲོད་སློབ་མ་ཚོས་རྒྱུགས་ཞུགས་ལག་འཁྱེར་བདག་ཡག་པོ་བྱེད་པ་དང་།ཨང་གྲངས་དང་གསང་གྲངས་ཕྱི་ལ་མི་གྱར་བ་བྱ་དགོས་ཞེས་དྲན་སྐུལ་བྱས་འདུག(ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན)