རང་ཁུལ་གྱིས་ཚན་རྩལ་གསར་གཏོད་ལ་བརྟེན་དམིགས་ཚད་མང་པོ་ཚད་བརྒལ་ལེགས་འགྲུབ་བྱུང་བ།

《 海南报-藏文 》( 2025年12月24日 第 02 版 )

རང་ཚགས་པར་གྱི་འཕྲིན།ཟླ12པའི་ཚེས19ཉིན།གསར་འགོད་པས་ཁུལ་ཚན་རིག་ལག་རྩལ་ཅུའུ་ནས་རྒྱུས་ལོན་བྱས་པ་ལྟར་ན། 2025ལོར་ཁུལ་ཚན་རིག་ལག་རྩལ་ཅུའུ་ཡིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས།རྒྱལ་ཁབ་ཀྱིས་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུར་སྣེ་ཁྲིད་དེ།ཚན་རྩལ་ཁེ་ལས་གསོ་སྐྱོང་དང་ཚན་རྩལ་གྲུབ་འབྲས་གསར་བསྒྱུར་སོགས་འགག་རྩའི་ཁྱབ་ཁོངས་ལ་གྲུབ་འབྲས་མངོན་གསལ་ཐོན་པ་དང་། དམིགས་ཚད་མང་པོ་ཞིག་ཚད་བརྒལ་གྱིས་ལེགས་འགྲུབ་བྱུང་ནས་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚན་རྩལ་གྱི་སྒུལ་ནུས་བསྩལ་ཡོད།

ཟླ12པའི་ཚེས17ཉིན་བར།རང་ཁུལ་ལ2025ལོར་མཐོ་གསར་ལག་རྩལ་གྱི་ཁེ་ལས2གསར་དུ་བསྣན་ཡོད་པ་སྟེ། སོ་སོར་མཚོ་སྔོན་རྨོག་རུ་ཞིང་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཐེན་ཧི་ལམ་ཟམ་བཟོ་སྐྲུན་ཚད་ཡོད་ཀུང་ཟི་ཡིན་པ་དང་དམིགས་ཚད་ལེགས་འགྲུབ་ཚད200%ཟིན་ཡོད། མཚོ་སྔོན་གཙུག་ལག་སྐྱེ་ཁམས་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་མཚོ་སྔོན་པོའི་རིག་ཞིང་དྲ་རྒྱ་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་ཟི་སོགས་ཚན་རྩལ་གྱི་ཁེ་ལས5དུས་མཉམ་དུ་ངོས་འཛིན་བྱས་ནས་གསོ་སྐྱོང་བྱས་པ་བརྒྱུད།ཁུལ་ཡོངས་ལ་མཐོ་གསར་ལག་རྩལ་ཁེ་ལས9དང་ཚན་རྩལ་ཅན་གྱི་ཁེ་ལས37ཡོད་པ་སྟེ། གསར་དུ་བཙུགས་པ་དང་དར་སྤེལ་གྱི་གོམ་འགྲོས་མྱུར་བ། དཔེ་སྟོན་གྱི་སྣེ་ཁྲིད་ལྡན་པ་བཅས་ཀྱི་ཁྱད་ཆོས་ལྡན་པའི་ལམ་ཁར་བསྐྱོད་ཡོད།གཞན་ཡང2022ལོར་རང་ཁུལ་ལ་རྒྱལ་ཁབ་ཀྱིས་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུའི་མཆན་འགོད་བཀའ་ལན་གྱི་ཆོག་མཆན་ཐོབ་པ་ནས་བཟུང་།ཚན་རྩལ་གྲུབ་འབྲས་གསར་བསྒྱུར་བྱ་བའི་ཕན་འབྲས་ཧ་ཅང་མངོན་གསལ་ཡིན་ཏེ། 2025ལོར་ཁུལ་ཡོངས་ཀྱི་ལག་རྩལ་གན་རྒྱ་ཐོ་འགོད་བྱེད་ཚད་སྒོར་ཁྲི1045.46ཟིན་པ་དང་།ན་ནིང་གི་དུས་མཉམ་ལས68%འཕར་ནས་ལོ་ཧྲིལ་བོའི་དམིགས་ཚད་ལས58%བརྒལ་ཡོད།དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པ་དེ་སྔོན་ལས་ལྡབ19འཕར་ཡོད། ལོ་བཞིའི་རིང་བསྡོམས་པས་ལག་རྩལ་གན་རྒྱའི་ཉོ་ཚོང་གི་གྲངས་འབོར་སྒོར་ཁྲི2204.77ལ་སླེབས་པས།ཚན་རྩལ་གྲུབ་འབྲས་སྒྱུར་བ་དང་ཚོང་རའི་ཉེར་སྤྱོད་ཀྱི་འབྲེལ་མཐུད་ཕན་ནུས་གང་ལེགས་སྒོས་ཕྱིར་གཏོང་ཐུབ་ཡོད།

རང་ཁུལ་གྱིས་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་། ནུས་ཁུངས་གཙང་མར་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བ། ཞིང་ཕྱུགས་ལ་བརྟེན་ནས་ཁུལ་བརྟན་པོ་ཡོང་བ་བཅས་ཀྱི་འཐབ་ཇུས་གཙོ་བར་གཞི་བཙུགས་པ་དང་།ནུས་ཁུངས་གཙང་མ་དང་ལྗང་མདོག་རྩིས་ཤུགས་ཟུང་འབྲེལ་གྱི་ཐོན་ལས་མཉམ་འདྲེས་བྱེད་པའི་ཁྱད་ཆོས་དང་བཟུང་སྟེ།སྲིད་གཞུང་དང་ཐོན་ལས།རིག་གཞུང་ལས་རིགས། ཞིབ་འཇུག་ལས་ཁུངས། འཛད་སྤྱོད་མཁན་གྱི་དགོས་མཁོ་བཅས་ཀྱི་མཐུན་སྦྱོར་གསར་གཏོད་ཀྱི་ལམ་སྲོལ་བཙུགས་ཡོད།མཚོ་སྔོན་སློབ་ཆེན་དང་མཉམ་དུ་རྒྱུན་མཐུད་འཕེལ་རྒྱས་ཞིབ་འཇུག་གླིང་བསྐྲུན་པ་དང་།ཡོན་ཧྲི་ཆེད་མཁས་པའི་རིག་སྟོབས་ཐོན་ཁུངས་འདུ་འཛོམས་བྱེད་པ་སོགས་བྱེད་ཐབས་སྤྱད་དེ། ཚན་རྩལ་གསར་གཏོད་དང་ཁྱད་ལྡན་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གཏོང་བར་ཤུགས་བཏོན་ཏེ། དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་ལག་རྩལ་གྱི་རྨང་གཞི་བརྟན་པོ་བཏིངས།ཚན་རྩལ་གསར་གཏོད་དང་སྐྱེ་ཁམས་སྲུང་སྐྱོང་། ནུས་ཁུངས་གཙང་མ། སྐྱེ་ལྡན་ཞིང་ཕྱུགས་ལས་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་མཚོ་ལྷོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་གསར་གཏོད་ཀྱི་ཁོར་ཡུག་ཆགས་ཡོད།།