རང་ཁུལ་གྱི་གཏན་འཇགས་རྒྱུ་ནོར་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་སྟོང་ལས་བརྒལ་བ།
《 海南报-藏文 》( 2025年12月24日 第 02 版 )
རང་ཚགས་པར་གྱི་འཕྲིན།ཟླ12པའི་ཚེས15ཉིན།གསར་འགོད་པས་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་བཞི་པ་ནས་བཟུང་།རང་ཁུལ་གྱིས་མ་དངུལ་རྒྱ་ཆེར་གཏོང་རྒྱུ་ལ་འདེགས་སྐྱོར་བྱས་ནས། ལས་གཞིའི་མ་དངུལ་བཏང་བའི་ཕན་འབྲས་ལོ་རྒྱུས་ཀྱི་ཆེས་བཟང་བའི་དུས་ལ་སླེབས།ད་ལོའི་ཟླ11པའི་བར་དུ། ཁུལ་ཡོངས་ཀྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་གཏན་འཇགས་རྒྱུ་ནོར་མ་དངུལ་སྒོར་དུང་ཕྱུར1027བཏང་བ་དང་། དེའི་ནང་དག་གཙང་ནུས་ཁུངས་ལ་མ་དངུལ་སྒོར་དུང་ཕྱུར749བཏང་། ལོ་ལྔའི་འཆར་འགོད་བཅུ་གསུམ་པ་དང་བསྡུར་ན་སོ་སོར12%དང91%འཕར་ཡོད།
རང་ཁུལ་གྱིས་དག་གཙང་ནུས་ཁུངས་ཐོན་ལས་ལ་མ་དངུལ་གཏོང་བ་གཙོར་བཟུང་སྟེ།ནུས་ཤུགས་ཡོད་རྒུས་མཚོ་སྔོན་ནས་ཧི་ནན་བར་དུ་གློག་འདྲེན་པ་དང་། གཡས་འཁྱིལ་ཆུ་གློག་ས་ཚིགས་སོགས་ལས་གཞི་གལ་ཆེན་ལ་སྐུལ་འདེད་བཏང་སྟེ།འདི་དག་གིས་སྤྱི་ཚོགས་ཧྲིལ་བོའི་གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་ཁྲོད་གཙོ་ཁྲིད་ཀྱི་གོ་གནས་བཟུང་ཡོད་པ་དང་།འོད་བརྟེན་གློག་འདོན་རྨང་གཞི་བྱས་ནས་དག་གཙང་ནུས་ཁུངས་མང་པོ་ཕན་ཚུན་གསབ་རེས་ཀྱི་རྣམ་པ་གྲུབ།
ལས་གཞི་བརྩོན་ལེན་བྱེད་པའི་ཐད། ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རང་འགུལ་ངང་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་འཐབ་ཇུས་ཕྱོགས་སྟོན་དང་འབྲེལ་མཐུད་བྱས་ཏེ། སྲིད་ཇུས་གལ་ཆེན་གྱི་གོ་སྐབས་ལ་དམིགས་ནས་སྐྱེ་ཁམས་སྲུང་སྐྱོང་དང་།ཆུ་བེད།གྲོང་ཁྱེར་ཞོད་འགོགསྤྱི་ཚོགས་ལས་དོན་སོགས་ཞན་ཆར་གཞིགས་ཏེ།སྔོན་དུས་ཀྱི་ཇུས་འགོད་དང་ཡིག་ཐོག་སྙན་ཞུའི་དོ་དམ་བྱེད་ཤུགས་ཆེ་རུ་བཏང་པ་དང་།འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་བརྒྱུད་དེ་ལས་གཞི598དོན་འཁྱོལ་བྱས་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་188.58་བཏང་། དེའི་ནང་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་མ་དངུལ་སྒོར་དུང་ཕྱུར100.93དོན་འཁྱོལ་བྱས་པ་དེ་ལོ་ལྔའི་འཆར་འགོད་བཅུ་གསུམ་པ་ལས25%འཕར་ཡོད།རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་ཀྱི་ལས་གཞིའི་ཟིན་ཚད50%ལས་བརྒལ་ནས། ཆུ་བེད་དང་འགྲིམ་འགྲུལ།ནུས་ཁུངས། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་བཅས་ཀྱི་གསར་བསྒྱུར་བྱེད་པར་སྐུལ་འདེད་བཏང་།
ལས་གཞི་གལ་ཆེན་ནི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པ་གཙོར་བཟུང་སྟེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་ལ།ཐུན་ཏེའི་འཇང་ཆེན་དང་ཞིན་ཧེའི་བྱ་ནང་། ཀོས་ནན་གྱི་ཤྭ་ར་ཝོད། གུང་ཧོའི་ཧ་རྒན་བཅས་ཀྱི་ཆུ་མཛོད་བཟོ་སྐྲུན་ཆེན་པོ་བཞི་དང་།མཚོ་སྔོན་པོའི་ཆུ་བསྣུབས་ས་ཁུལ་གྱི་གནས་སྤོར་བདེ་འགོད།གུང་ཧོ་རྫོང་གི་སྲིད་དར་ལམ་ཆེན་གྱི་ལེགས་བཅོས། ཧོས་ཨན་གྲོང་སྲིད་ཟམ་ཆེན། ཞིང་ཆེན་རིམ་པའི་ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས། བྱང་གསུམ་རྩྭ་ཐང་སྐྱེ་ཁམས་སླར་གསོ་སོགས་ལས་གཞི་གལ་ཆེན་སྔ་རྗེས་སུ་དོན་འཁྱོལ་བྱས་ཡོད། ཁུལ་ཡོངས་ཀྱིས་ཞིང་ཆེན་དང་ཁུལ་རིམ་པའི་ལས་གཞི་གལ་ཆེན་ཁག337ལག་ཏུ་བསྟར་ཡོད་པ་དེའི་ལས་མགོ་རྩོམ་ཚད96%ལས་བརྒལ་བ་དང་།མ་དངུལ་སྒོར་དུང་ཕྱུར855བཏང་ནས།གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་གཏོང་ཚད85%ལས་བརྒལ་ཡོད།
གཞན་ཡང་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མུ་འབྲེལ་རིགས་ཀྱི་ལམ་ལུགས་ཡིག་ཆ་བཟོས་ནས།ལས་གཞི་འགོད་པ་དང་ཞིབ་མཆན་འགོད་པ།འཛུགས་སྐྲུན་དང་ཞིབ་བཤེར་རྩིས་ལེན་བཅས་ལ་ཁྱབ་པའི་འཁོར་ཡུན་ཡོངས་ཀྱི་དོ་དམ་མ་ལག་བཙུགས། བཟོ་སྐྲུན་འཛུགས་སྐྲུན་གྱི་ལས་གཞི་ཞིབ་བཤེར་ཆོག་མཆན་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་སྤེལ་བ་དང་།ནགས་ལས་དང་རྩྭ་ཐང་།རང་བྱུང་ཐོན་ཁུངས།སྐྱེ་ཁམས་ཁོར་ཡུག་སོགས་སྡེ་ཁག་སྒྲིག་འཛུགས་བྱས་ནས་གཅིག་སྡུད་གཞུང་དོན་སྒྲུབ་པ་དང་། བསྟུད་མར་ལོ་ལྔའི་རིང་ལ་ལས་གཞིའི་སྔ་དུས་ཀྱི་འགག་སྒྲོལ་འགུལ་སྐྱོད་སྤེལ་བ་དང་།བརྒྱུད་རིམ་ཡོངས་ཀྱི་ཞིབ་བཤེར་ཆོག་མཆན་དུས་ཚད་ཆ་སྙོམས་ཀྱིས30%ཡན་ཇེ་ཐུང་དུ་བཏང་།།