- 放大
- 缩小
- 默认
ཁུལ་སྐབས་བཅོ་ལྔ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་ཆེད་དོན་གྲོས་ཚོགས་བསྡུས་པ།
《 海南报-藏文 》( 2025年12月24日 第 02 版 )
རང་ཚགས་པར་གྱི་འཕྲིན།ཟླ12པའི་ཚེས17ཉིན། ཁུལ་སྐབས་བཅོ་ལྔ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་ཆེད་དོན་གྲོས་ཚོགས་བསྡུས་ཤིང་།གྲོས་ཚོགས་ལས་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བ། ཁུལ་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པའི་དགོངས་དོན་བཅས་ལ་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་།ལག་བསྟར་དངོས་འབེབས་བྱ་བ་བཀོད་སྒྲིག་བྱས་ཤིང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་མ་ཅན་ཧོང་གིས་ཚོགས་འདུར་མགོ་འཛིན་བྱས་པ་མ་ཟད་བླང་བྱ་བཏོན།
གྲོས་ཚོགས་ལས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱིས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞུང་ལུགས་གལ་ཆེན་དང་ལག་ལེན་ལ་འབྲེལ་བ་ཡོད་པའི་གནད་དོན་རབ་དང་རིམ་པར་རྒྱས་བཤད་ཟབ་མོ་བྱས་ཏེ། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་མགོ་ཡག་པོ་ཞིག་རྩོམ་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་གསར་པ་ཧུར་ཐག་སྒོས་འཛུགས་སྐྲུན་བྱེད་པར་གཞི་རྩའི་རྩ་དོན་དང་ལག་ལེན་གྱི་ཕྱོགས་སྟོན་འདོན་སྤྲོད་བྱས་ཤིང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལ་གཞིགས་ཏེ།མཚོ་སྔོན་གྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་དུས་སྐབས་ཀྱི་ཕྱོགས་གང་ཅིའི་ཐད་ཀྱི་བྱ་བར་བརྒྱུད་རིམ་ལྡན་པའི་འཆར་འགོད་དང་བཀོད་སྒྲིག་བྱས་ཡོད་ཅིང་།ཁུལ་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པས་རང་སྐྱོང་ཁུལ་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དུས་སྐབས་ཀྱི་འཕེལ་རྒྱས་ཐད་བླངས་བའི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱས་ཏེ། ཁུལ་ཡོངས་ཀྱི་སླད་ཕྱིན་ལོ་ལྔའི་རིང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྩ་དོན་གལ་ཆེན་དང་ལས་འགན་གལ་ཆེན་སོགས་གནད་དོན་མང་པོ་གསལ་བོར་བཏོན་ཞིང་། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་དུས་སྐབས་སུ་རང་སྐྱོང་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འབྱུང་བར་རླབས་ཆེན་གྱི་འཆར་འགོད་བཟོས་ཡོད་ཅེས་བསྟན།
གྲོས་ཚོགས་ལས་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས། དེ་མིན་ཞིང་ཆེན་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་བཅས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་ནི་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ཕྱིར། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི་དང་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་ཟབ་མོ་བྱས་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་སྔར་བས་ཇེ་བརྟན་དུ་གཏོང་དགོས་ཤིང་། ཁུལ་ཡོངས་ཀྱི་གནས་བབ་ཆེན་པོར་གཞིགས་ཏེ་འགན་སྒྲུབ་ནུས་པ་སྔར་བས་མཐོ་རུ་གཏོང་དགོས་ལ། ལོ་ཧྲིལ་བོའི་བྱ་བར་ནན་ཏན་གྱིས་སྤྱི་བསྡོམས་བྱས་ནས་འགན་འཁྲིའི་འདུ་ཤེས་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།
ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཧྥན་རོན་ཡོན་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི་དཔལ་ལྡན།ཀུན་ཧྲིན་ཁྲིན།མཁས་ཆེན་དོན་འགྲུབ་བཅས་ཚོགས་འདུར་ཞུགས་ཤིང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་གསེར་མཚོ་དང་ཁུལ་དམངས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རེན་ཨུ་ཡོན། ཀྲུའུ་རེན་གཞོན་པའི་ཨུ་ཡོན།རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས། ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་བ་ཐུན་མོང་གི་སློབ་སྦྱོང་ལ་ཞུགས།།