2024ལོའི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་བོད་སྐད་ཕུལ་བྱུང་བརྩམས་ཆོས་དཔྱད་ཞིབ་གྲོས་ཚོགས་ རང་ཁུལ་དུ་བསྡུས་པ།
《 海南报-藏文 》( 2025年10月22日 第 02 版 )

རང་ཚགས་པར་གྱི་འཕྲིན།ཟླ10བའི་ཚེས14ནས་ཚེས17ཉིན་བར།མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་།ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་དྲིག་སྒྲོག་པུའུ་ཡིས་ཁྲིད་སྟོན་གནང་བ་དང་།མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་འགན་སྒྲུབ་བྱས་པའི2024ལོའི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་བོད་སྐད་ཕུལ་བྱུང་བརྩམས་ཆོས་དཔྱད་ཞིབ་གྲོས་ཚོགས་རང་ཁུལ་དུ་བསྡུས་པ་རེད།ཐེངས་འདིའི་དཔྱད་ཞིབ་གྲོས་ཚོགས་ནི་ཞིང་ཆེན་ཡོངས་ཀྱི་བོད་སྐད་རླུང་འཕྲིན་བརྙན་འཕྲིན་མངའ་ཁོངས་བར་ཕན་ཚུན་བསམ་བློ་སྤེལ་རེས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད་པས།བོད་སྐད་ལེ་ཚན་གྱི་ནང་དོན་གསར་པར་བསྒྱུར་བ་དང་སྤུས་ཚད་མཐོ་རུ་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད།
ཐེངས་འདིའི་དཔྱད་འདེམས་ནང་གསར་འགྱུར་དང་ཆེད་སྒྲིགརིག་རྩལ།རྒྱང་སྒྲོག་མདོ་འཛིན་བཅས་རིགས་ཆེན་པོ་གསུམ་གྱི་འགྲན་ཞུགས་བརྩམས་ཆོས139འབྱོར་ཡོད་དེ།ཞིབ་དཔྱད་ནན་པོ་བྱས་པ་བརྒྱུད་མཐར་ཕུལ་བྱུང་བརྩམས་ཆོས82བདམས་ཐོན་བྱུང་བ་རེད།དེའི་ནང་དམིགས་བསལ་བྱ་དགའ2ཐོབ་དང་།ཨང་དང་པོའི་བྱ་དགའ21ཐོབ་ལ།ཨང་གཉིས་པའི་བྱ་དགའ27དང་ཨང་གསུམ་པའི32བཅས་ཐོབ་ཡོད།བརྩམས་ཆོས་དེ་དག་གི་བརྗོད་བྱ་ཕུན་སུམ་ཚོགས་ལ་རྣམ་པ་སྣ་མང་ཡིན་པས།འདས་ཟིན་པའི་ལོ་གཅིག་རིང་གི་ཞིང་ཆེན་ཡོངས་ཀྱི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གསར་རྩོམ་གྱི་ཚད་མཐོའི་ཆུ་ཚད་གཅིག་བསྡུས་སྒོས་མངོན་ཡོད་པ་དང་།རྒྱ་ཆེའི་རྒྱང་སྒྲོག་གློག་བརྙན་འཕྲིན་ལས་བྱེད་པས་འཚོ་བར་ཟབ་ཞུགས་དང་མཐོ་སྒང་ལ་གཞི་ཚུགས་པའི་གྲུབ་འབྲས་ཀྱི་བསྡུས་གཟུགས་ཀྱང་ཡིན་པས།བོད་འབྲེལ་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་བཀྲག་ཏུ་འཚེར་བའི་མི་རིགས་ཀྱི་རིག་གནས་གསོན་ཉམས་དོད་པའི་ངང་མཚོན་ཡོད་པ་རེད།
ཐེངས་འདིའི་དཔྱད་ཞིབ་གྲོས་ཚོགས་ཀྱི་དམིགས་ཡུལ་ནི་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་བྱེད་པ་དང་།ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན།རིན་ཐང་གི་ཁ་ཕྱོགས་བཅས་མཐའ་འཁྱོངས་བྱེད་པ།བརྗོད་དོན་གཙོ་བོ་དར་སྤེལ།དྲང་ནུས་བརྒྱུད་སྤེལ་བཅས་བྱས་ཏེ་ཕུལ་བྱུང་གི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དང་དེ་བཞིན་དྲ་རྒྱའི་ལྟ་ཉན་བརྩམས་ཆོས་ཁག་གཅིག་སྔོག་འདོན་དང་ཁྱབ་གདལ་དུ་བཏང་བ་བརྒྱུད།ལས་རྐང་དང་པོའི་གསར་འགོད་པས་ཁྱབ་སྤེལ་ནུས་པ་དང་ཁྲིད་སྟོན་ནུས་པ།ཤུགས་རྐྱེན་ཐེབས་ཤུགས།ཀུན་གྱིས་ཡིད་ཆེས་བྱེད་པ་བཅས་ཀྱི་བརྩམས་ཆོས་ལེགས་པོ་འབོར་ཆེན་གསར་རྩོམ་བྱ་རྒྱུར་སྐུལ་མ་གནང་སྟེ།ཞིང་ཆེན་ཡོངས་ཀྱི་གསར་འགྱུར་བྱ་གཞག་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་དེ་རེད།།