ཚོར་བའི་སྨྲེ་ངག

དབྱངས་ཞི་བ།༼སེར་ཤུལ།༽

《 海南报-藏文 》( 2025年09月24日 第 04 版 )

དགའ་སྐྱོ་འདྲེས་མའི་མི་ཚེའི་ཟློས་གར་ཁྲོད།།

སྐྱིད་ལ་སྡུག་གི་རི་མོ་འབྲི་བཞིན་དུ།།

ཞེ་རུ་མ་མཐུན་ཚོན་མདངས་དམར་སེར་ཞིག།

དབང་མེད་ལས་ཀྱིས་བསྐོས་པ་ངོ་རེ་གནོང་།།

དབེན་གནས་ལུང་རིགས་འཚོལ་བའི་རི་ཁྲོད་ནས།།

མཁའ་ཡི་ཆུ་འཛིན་མིག་ལམ་རྒྱུ་བ་ན།།

རྒྱང་དུ་གནས་པའི་སེམས་ཀྱི་སྙིང་ཉེ་ལ།།

ཚིག་གི་འཕྲིན་ཐུང་སླད་མར་འདི་ལྟར་བྲིས།།

ཀྭ་ཡེ་རི་ཆུས་བཅད་པའི་ཕ་རོལ་གྱི།།

མཚར་སྡུག་ཡིད་དབང་བཅོམ་པའི་མེ་ཏོག་མ།།

འུར་ཟིང་འདུ་འཛི་ཆེ་བའི་རི་གྲོང་ནས།།

སྐྱིད་པའི་ངང་ནས་འཚོའམ་སྙིང་ཆུང་མ།།

ང་དང་གྲིབ་གཟུགས་སྨྱུག་མའི་གསེབ་ན་གཡོ།

གྲང་བསིལ་རླུང་བུས་སེམས་སུ་ན་ཟུག་བསླངས་།།

གཞུང་བཟང་ཟབ་མོའི་དྲི་བསང་ཚོར་ན་ཡང་།།

དགའ་བའི་འཛུམ་དང་སྤྲོ་བའི་སྣང་བ་གང་།།

མཚན་དང་ཞག་གི་རྨི་ལམ་རིང་མོའི་ནང་།།

ཆུང་ནས་འདྲིས་པའི་བྱམས་པ་གཡུ་ཆུང་མ།།

ཡང་ཡང་འཕྲད་པའི་སྣང་བ་འཆར་ནའང་།།

ལྷན་འཛོམས་ལས་ཀྱིས་འཕྲད་པའི་བསྐལ་བ་ཅི།།

འཕྲུལ་སྣང་སྒྱུ་མའི་གར་སྟབས་ག་ལ་བདེན།།

མངར་སྐྱུར་བྲོ་བ་རང་ཉིད་གཅིག་པུས་རྟོགས།།

གྱེས་བྲལ་ལོ་ཡི་སྡུག་བསྔལ་ཅི་འདྲ་མང་།།

དྲན་པའི་སེམས་སུ་ཡང་ནས་ཡང་དུ་འཁོར།།

ཁྲུང་ཁྲུང་དཀར་མོ་ལྷོ་རུ་འཕུར་ནས་སོང་།།

རྨས་པའི་ཁྲུང་ཆུང་སང་ལོ་འཕྲད་ནས་འོང་།།

འདུ་འབྲལ་འཁོར་ལོ་བརྒྱ་སྟོང་འཁོར་བ་ན།།

སྨོན་ལམ་མཐུ་ལས་གཞིས་གཅིག་འཛོམས་ཀྱང་སྲིད།།

འོན་ཀྱང་ཞེ་མཐུན་རོགས་ལོ་རྩེད་ར་ནས།།

དགའ་དུས་དགའ་རོགས་མེད་པས་ཤུགས་རིང་ཤོར།།

སྐྱོ་དུས་སྐྱོ་རོགས་མེད་པས་མི་ཆུ་བྱོ།།

ཀྱེ་མ་འདི་འདྲའི་ཚོར་སྣང་སུ་ཡིས་སེལ།།

རི་ནས་རི་སྤྱང་འགྲོག་ན་ཚོར་བ་བསླངས།།

སྤང་ནས་མེ་ཏོག་མཐོང་ན་ཁྱོད་རང་དྲན།།

སྔོན་ལས་ཕྲན་བུ་ཞིག་གིས་འུ་གཉིས་ཀ།

འདི་ལྟར་བཀོད་སྒྲིག་བྱས་པ་སུ་ལ་ལན།།

ཁ་བ་དཀར་པོ་བརྩེ་སེམས་མི་ལྡན་པས།།

སྙིང་རྗེའི་གནས་ལུགས་བཤད་པ་ངལ་བའི་རྒྱུ།།

གལ་སྲིད་གནམ་རྒན་མ་ཁྱོད་སེམས་ཡོད་ཚེ།།

སྐྱིད་སྡུག་མི་ཚེ་ལན་གཅིག་སྐྱོབས་པར་འཚལ།།