ཁྱོད་ལ་ཕྱོགས་པའི་སེམས་པ།
གློག་འོད།༼དཀར་མཛེས།༽
《 海南报-藏文 》( 2025年09月24日 第 04 版 )
བཅུ་དྲུག་ལང་ཚོའི་མེ་ཏོག་དར་ཚད་ཅིག།མ་བཅོས་གཞོན་པའི་སྣང་བ་ཟབ་མོ་རུ།།ཡུད་ཙམ་འཕྲད་པའི་ཞེན་ཆགས་རི་མོ་འདི།།སེམས་ཀྱི་རྡོ་རིང་བྲིས་པ་ཡལ་བ་མེད།།ལས་ཀྱི་བཀོད་པ་འདི་ཡི་ཐུ་འོག་ནས།།མཛའ་བརྩེ་ཡིད་ཀྱི་ཨ་ལོང་དམ་དུ་སྦྲེལ།།སྙིང་ཤ་དམར་པོའི་ཚབ་ཀྱི་གཏམ་གཞི་ལ།།མི་ཤིགས་དབུ་མནའ་ལྕི་མོའི་རྒྱབ་གནོན་རླིང་།།འཇིག་རྟེན་སྣང་བ་འདི་ཡི་ཐང་སྟེང་ན།།འདང་བརྩེའི་འོ་ཆུ་མངར་མོ་གཅིག་ཏུ་འདྲེས།།སྙིང་གཏམ་གཙང་པོའི་རྒྱུན་བཟང་བར་མེད་བཞུར།།སེམས་འཕྲིན་མེ་ཏོག་དཀར་པོ་ཁྱོད་ལ་བསྲིངས།།དཀར་མཛེས་འོ་མའི་མདངས་ཀྱི་ཞལ་ངོ་ལ།།དྭངས་གསལ་སྤྱན་མིག་ཁྲ་བོ་འཁྱུག་འཁྱུག་གཡོ།།དམར་པོའི་མཆུ་སྒྲོས་ལྷུག་ལྷུག་གྲོལ་བ་ཡིས།།མ་བཅོས་འཛུམ་ཆུང་བཞད་པ་སྙིང་དུ་སྡུག།ནག་ཅིང་སྣུམ་པོའི་སྐྲ་ལོ་འོད་ཀྱུག་ཀྱུག།བསིལ་བྱེད་རླུང་བུས་ཡང་ཡང་ཤད་པ་ཡིས།།བསུང་ཞིམ་དྲི་མ་རེ་རེ་སྙིང་ལ་སིམ།།བརྩེ་བའི་ཟུངས་ཁྲག་ཁོལ་མ་རླབས་ལྟར་བསྒྱུར།།དུང་སེམས་མེ་ལྕེ་འབར་བའི་ལོ་ཟླ་དེར།།མི་ཁའི་རླུང་བུའི་ཁྲོད་ན་མཉམ་དུ་འགྲེང་།།མཚན་ཞག་གང་བོར་གསང་གཏམ་རེས་མོས་སྦྲེལ།།གཞོན་པའི་ལོ་ཟླ་འདི་ནས་དལ་གྱིས་བསྐྱལ།།ཤིང་སྡོང་གཡུ་ལོ་འབར་བའི་རང་བྱུང་ཚལ།།གཅིག་པུ་གོམ་ཁ་བསྒྱུར་ལ་ཉུལ་བའི་དུས།།སྔོན་སོང་ལོ་ཟླའི་བར་གྱི་གསང་བ་རེ།།སེམས་ཀྱི་མེ་ལོང་ངོས་སུ་གསལ་ལམ་ལམ།།འཚོ་བའི་ལམ་བུ་མི་གཅིག་གཉིས་སུ་ཕྱེ།།ནང་གི་འདོད་ཞེན་དེ་ཡང་མི་མཐུན་པས།།འདྲིས་འདྲིས་ཆུང་གྲོགས་སེམས་ཀྱི་བུ་མོ་དང་།།མི་བཟོད་མཐའ་མར་རང་རང་སོ་སོར་གྱེས།།འཁྲུལ་སྣང་རྨི་ལམ་ཙམ་གྱི་གར་སྟེགས་འདིར།།ལན་གཅིག་མཇལ་བའི་བག་ཆགས་ཟབ་མོ་དེས།།ཚོར་རྟོག་རྦ་རླབས་གཡོ་བའི་གྲུ་ཁ་ནས།།ཡང་ཡང་དྲན་པར་འཆར་བ་འགོག་ཏུ་མེད།།ཁོང་ན་དྲག་ཏུ་འབར་བའི་ཆགས་སེམས་ཀྱིས།།དེང་གི་མི་ཡིས་བསླུ་བྲིད་མདུང་ཐུང་གིས།།རང་གི་ཚེ་ཡི་རོགས་ལའང་བསྣུན་པའི་དུས།།གཤིས་བཟང་བུ་མོའི་རྣམ་པ་ལྷག་ཏུ་དྲན།།དམར་ཆུང་སེམས་ཀྱི་བར་ཐག་ཤིན་ཏུ་ཉེ།།དུང་བའི་རྒྱུད་སྐུད་ཕྲ་མོ་དེ་བས་འཐས།།མ་བསམ་ལས་ཀྱི་ལམ་བུ་ཁ་ཁ་ཡིས།།མི་འགྱུར་སེམས་ཀྱི་མདུད་པ་དལ་གྱིས་གྲོལ།།ལས་ཀྱི་བཀོད་སྒྲིག་ཟེར་ན་འདི་ལགས་ཏེ།།ཅི་ཙམ་མཐུན་པོར་བྱུང་ཡང་མཐའ་མར་བྲལ།།དྲན་གདུང་ཡིད་ཀྱི་ཁུར་པོ་དེ་འདྲུད་བཞིན།།རྒྱང་ལ་འཁྲེང་བའི་སེམས་ཀྱི་རྨ་ཁ་ལྕི།།མཁའ་མཐར་སྨིན་དྲུག་ཁྲ་མོ་རིམ་གྱིས་འདུས།།དཀར་གསལ་ཟླ་བའི་ཞལ་རས་དེ་མཐོང་ཚེ།།ཁྱོད་མེད་ཁེར་རྐྱང་མཚོ་བའི་ལས་དབང་འདི།།དྲན་ན་ཞེ་སྣང་སྐྱོ་བ་རྫོགས་མཐའ་མེད།།སེམས་འགྱུ་རླུང་གིས་བསྐྱོད་པ་མ་ལགས་ཏེ།།མཇལ་འཛོམས་རེ་བའི་ཉི་མ་དལ་གྱིས་ནུབ།།གདུང་སེམས་གནོན་ཐབས་བྲལ་བའི་ཚོར་རྟོག་གིས།།དྲན་སྣང་རོལ་དབྱངས་སྐྱོ་བས་འཐེན་དགོས་བྱུང་།།གང་ཁྱོད་སྐྱིད་ཅིང་བདེ་བར་འཁོད་པས་ན།།རེ་བ་གཞན་ཞིག་བདག་ལ་སྟོངས་གྱུར་པས།།མི་ཚེའི་བཞུད་ལམ་རིང་མོའི་ཁུག་ཀྱོག་ནས།།འཚོ་བའི་འདུན་མར་འོད་ཀྱིས་འཁྱུད་པར་སྨོན།།འདུ་འབྲལ་སྒྱུ་མའི་ཟློས་གར་ལན་གཅིག་ལ།།དུང་སེམས་གཉོམ་པོའི་སྨྱུག་རྩེ་དྲང་མོ་ཡིས།།སྐྱིད་ལ་སྡུག་གི་ཚོར་བའི་གཏམ་རིང་འདི།།བཅོས་མིན་ཤོག་དཀར་ངོས་སུ་འཁྱུག་ཙམ་ལགས།།