སྙན་ངག་གིས་ཁྱེད་རང་སྐྱེལ་མ་བྱེད།
——བོད་ཀྱི་སྙན་ངག་པ་བ་རེས་ལ་ཕུལ་བ།
རྒྱ་ཚང་སྨོན་ལམ།༼མགོ་ལོག༽
《 海南报-藏文 》( 2025年07月16日 第 04 版 )
ཞོགས་པ་དེར།ངས་གློ་བུར་དུ་ཁྱེད་རང་བཞུད་པའི་གཏམ་དེ་ཐོས་མ་ཐགཅི་ཡིན་འདི་ཡིན་མེད་པར།སྙིང་ཁ་ལ་མདེའུ་ཞིག་བསྣུན་ཡོང་བའི་ཚོར་སྣང་ཞིག་སྐྱེས་བྱུང་།བ་རེས་ལགས།ཕྱིར་དྲན་ནི་ཟླ་བ་ཞིག་ལ་བཅོལ་དགོས་ཏེ།གཏེར་ལེན་ཁ་ནས་བསྐྱོད་པའི་ཟླ་བ་ཞིག་ལ་བཅོལ་དགོས་བྱུང་།ངས་ཤེས་ཀྱི་ཡོདདེ་ནི་གཏེར་ལེན་ཁའི་ཟླ་བ་ཞིག་སྟེ།སྙན་ངག་པའི་ཚེ་གང་བོའི་གཟི་བརྗིད་ལ་བརྩི་བའི་ཟླ་བ་ཞིག་ཡིན།བ་རེས་ལགས།དེ་ལྟར་ཡིད་དུ་མི་འོང་བའི་དཔྱིད་ཟླ་འདི་ལ།ལྷོ་བཞུད་ཀྱི་བྱ་ཁྱུ་ཕྱིར་ལོག་པའི་དུས་ཚིགས་དང་།ཟམ་ཟིམ་དུ་འབབ་པའི་དཔྱིད་ཀའི་ཆར་ཆུ་མཉམ་དུ།སྙན་ངག་པ་ནི་ང་ཚོ་དང་ཁ་བྲལ་སོང་།བ་རེས་ལགས།དེ་ལྟར་ཡིད་དུ་མི་འོང་བའི་དཔྱིད་ཟླ་ཞིག་ལ།ངས་ཧོར་ཟླ་ལྔ་བ་དང་དྲུག་པའི་མཚམས་ཤིག་ནས།ཆ་རྒྱུས་ཡོད་པའི་སྨིན་དྲུག་ཅིག་མཁའ་རུ་ཚེས་པ་མཐོང་།དེ་ནི་གཏེར་ལེན་ཁ་ནས་མཁའ་རུ་ལྡིང་བའི་སྨིན་དྲུག་ཅིག་སྟེ།ཁ་མཆིལ་ཞོ་གསུམ་ལྡན་པའི་སྨིན་དྲུག་ཅིག་ཡིན།སྨིན་དྲུག་དེས་ང་ལ་གསུང་དོན།སྤྲིན་པ་ལྷོ་རུ་བཞུད་ཀྱང་སྙན་ངག་པ་ད་དུང་གངས་ཅན་དུ་འདུག་ཟེར།ཁོ་ནི་གཏེར་ལེན་ཁའི་རྩེ་ལྷ་བཅུ་གསུམ་དང་མཉམ་པོར་འདུག་ཟེར།སྙན་ངག་པ་ལགས།ཁྱོད་ནི་མེ་ཏོག་སེར་ཆེན་ཞིག་སྟེ།སེར་ཆེན་དེ་ལས་འཐོར་བའི་འདབ་མ་ནི་ང་ཡི་ཐམས་ཅད་ཡིན།སྙན་ངག་པ་ལགས། གང་ལྟར།རྒྱང་ལྟའི་ཁྲོད་ཀྱི་ལྷ་རིས་ཁྱེད་རང་བརྗེད་མི་སྲིད།དེ་ནི་གཏེར་ལེན་ཁ་ནས་བཏབ་པའི་ཟླ་བ་དང་།སྨིན་དྲུག་ཁ་ཆུ་ལས་འཐོར་བའི་མཆིལ་མ་ཇི་བཞིན་ནོ།