མཁའ་དབྱིངས་ནས་མཐོང་བའི་སྟོན་མོ།
གདོང་རིགས།༼མཚོ་ལྷོ།༽
《 海南报-藏文 》( 2025年07月16日 第 04 版 )
ལྷོ་ཕྱོགས་ཡུལ་ནས་བྱང་གི་ཕྱོགས་སུ་འགྲོ། །གནམ་གྲུའི་གཤོག་རྩལ་རླུང་གིས་ཤུགས་ཀྱིས་བསྐྱོད།།སྤྲིན་དཀར་གཞོན་ནུའི་གདན་ལ་བཞུགས་པ་བཞིན།།ནམ་མཁའི་དབྱིངས་སུ་དལ་གྱིས་བགྲོད་པར་བྱེད།།གཡས་གཡོན་གཉིས་སུ་གཤོག་པ་རྒྱས་གྱུར་ཏེ།།རླུང་གི་རྟ་ལ་ཞོན་ནས་བགྲོད་པའི་ཚེ། །འོག་ཏུ་སྨུག་པའི་རྒྱ་མཚོ་འཁྱིལ་བ་ན། །ཡིད་ལ་ངོ་མཚར་སྣ་ཚོགས་འཆར་བར་བྱེད། །མཁའ་དབྱིངས་མཐོན་པོའི་ཡངས་པའི་ཁམས་ནས་ནི།།འོག་ཏུ་མི་རྣམས་གྲོང་ཁྱེར་ནང་འཁྱམས་ཚུལ།།གྲོག་སྦུར་ཚོགས་བཞིན་ཕན་ཚུན་རྒྱུག་པ་དག།དོན་མེད་བྲེལ་བས་ངལ་བའི་རྣམ་པར་མཐོང་།།ཆུ་ཕྲན་དངུལ་གྱི་སྐེ་རགས་འཁྱིལ་བ་བཞིན། །ནགས་ཚལ་གཡུ་ཡི་ཐོར་ཅོག་གཡོ་བར་མཛེས།།ཞིང་ཁམས་དག་པའི་རྣམ་པ་མངོན་པ་འདིས། །སེམས་ལ་ཞི་བདེའི་དཔལ་ཡོན་སྩོལ་བར་བྱེད། །སྐབས་འགར་སྤྲིན་ནག་མཚོ་ནང་འཛུལ་བ་ན། །གནམ་གྲུ་གཡོ་འགུལ་དྲག་པོས་སེམས་ལ་འཇིགས།།བླ་མའི་གསོལ་འདེབས་སྙིང་ནས་བྱེད་པའི་མོད།།འཇིགས་སྣང་ཡལ་ནས་བདེ་བའི་ངང་དུ་གནས། །སྨུག་པའི་རྒྱ་མཚོས་ས་གཞི་ཁེབས་པའི་ཚེ། །གླང་ཆེན་ཆུ་ལ་རྩེ་བའི་ཚུལ་དུ་མཐོང་། །ཉི་འོད་ཟེར་གྱིས་སྨུག་པ་གཏོར་བ་ན། །འོག་གི་ས་གཞི་གསལ་བར་མཐོང་བར་གྱུར། །རི་བོའི་རྩེ་མོ་མཆོད་རྟེན་ཏོག་བཞིན་མཛེས། །འཇའ་ཚོན་སྣ་ལྔས་ནམ་མཁའི་གོས་སུ་གྱུར། །སྤྲིན་དཀར་མཛེས་མའི་དར་དཔྱངས་བཞིན་དུ་འཕྱོ།།ཡིད་ལ་དགའ་བའི་འཛུམ་མདངས་ཤར་བར་གྱུར།།