ཞིན་ཧེས་སྡེ་བའི་གཞུང་ལམ་བསྐྱར་ལས་བྱས་ནས་དམངས་ལ་སྟབས་བདེ་བསྐྲུན་པ།

《 海南报-藏文 》( 2025年07月16日 第 02 版 )

རང་ཚགས་པར་གྱི་འཕྲིན། ཉེ་ཆར།ཞིན་ཧེ་རྫོང་ཆུ་སྔོན་གྲོང་རྡལ་ནས་ལུང་བཟང་ཤང་བར་གྱི་གཞུང་ལམ་བསྐྱར་ལས་ཀྱི་བཟོ་སྐྲུན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་།

བསྐྱར་ལས་བྱས་པའི་གཞུང་ལམ་དེས་ལུང་བཟང་ཤང་དང་འབྲོང་འཐུས་ཤང་། ཆུ་སྔོན་གྲོང་རྡལ་གྱི་རོང་འབྲོག་མང་ཚོགས་ཀྱོ་འགྲོ་འོང་དང་དངོས་ཟོག་སྐྱེལ་འདྲེན་ལའང་སྟབས་བདེ་གང་ལེགས་བསྐྲུན་ནས། རྫོང་གི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་ལྷག་པར་དུ་ལྷོ་རྒྱུད་ཤང་གསུམ་གྱི་འབྲི་མོའི་འོ་མའི་ཁྱད་ལྡན་ཐོན་ལས་དར་སྤེལ་དུ་གཏོང་བར་ཕན་ནུས་གལ་ཆེན་ཐོན་པ་དང་།རང་བྱུང་གནོད་འཚེ་སོགས་གློ་བྱུང་དོན་རྐྱེན་འགོག་སྲུང་བྱེད་པར་རྨང་གཞི་བརྟན་པོ་བཏིང་།

རྒྱུས་ལོན་བྱས་པ་ལྟར་ན།གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ38.012ཡོད་པའི་ཆུ་སྔོན་གྲོང་རྡལ་ནས་ལུང་བཟང་ཤང་བར་གྱི་གཞུང་ལམ་དེ2008ལོར་འཛུགས་སྐྲུན་བྱས་པ་ནས་བཟུང་།ས་གནས་དེའི་མང་ཚོགས་ཀྱི་འགྲོ་འོང་དང་དངོས་ཟོག་སྐྱེལ་འདྲེན་བྱེད་སའི་གཞུང་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།གཞུང་ལམ་དེ་བསྐྲུན་ནས་ལོ་མང་པོ་འགོར་བའི་རྐྱེན་གྱིས་ལམ་ངོས་ལ་བཤིག་སྐྱོན་ཚབས་ཆེན་བཟོས་ཏེ་སྙོམས་པོ་མིན་པས། རླངས་འཁོར་འགྲོ་འོང་ལའང་སྟབས་བདེ་མིན་ལ།བདེ་འཇགས་ལའང་ཉེན་ཁ་ཆེན་པོ་ཡོད་པ་རེད།

ཞིན་ཧེ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ཡིས་མང་ཚོགས་ཀྱི་འགྲོ་འོང་དཀའ་བའི་གནད་དོན་ཐག་གཅོད་བྱེད་པ་དེ་ངས་མང་ཚོགས་ལ་དོན་དངོས་བསྒྲུབ་ཅེས་པའི་ལས་འགན་གཙོར་བཟུང་སྟེ། སྔ་གཞུག་ཏུ་སྒོར་ཁྲི7165.8བཏང་ནས་གཞུང་ལམ་བསྐྱར་ལས་བྱས་ནས།མི་དམངས་མང་ཚོགས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱས།

རྒྱུས་ལོན་པ་ལྟར་ན།ལོ་ལྔའི་འཆར་གཞི་བཅུ་བཞི་པའི་སྐབས།ཞིན་ཧེ་རྫོང་གིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར3.19བཏང་སྟེ་ཞིང་སྡེ་གཞུང་ལམ50འཛུགས་སྐྲུན་བྱས་ཤིང་།ད་ལྟ་རིང་ཚད་ལ་སྤྱི་ལེ141.3ཡོད་པའི་ཞིང་ཆེན་རིམ་པའི་གཞུང་ལམ་ཞིག་འཛུགས་སྐྲུན་བྱེད་བཞིན་པའི་སྒང་རེད། རྫོང་ཡོངས་སུ་གཞུང་ལམ་གྱི་རིང་ཚད་སྤྱི་ལེ4901.2ལ་རླངས་འཁོར་ཤར་གཏོང་ཐུབ་ཡོད་པ་དང་རིང་ཚད་ལ་སྤྱི་ལེ1732.834ཡོད་པའི་གཞུང་ལམ་ལ་བདག་སྐྱོང་བྱས་ནས།གྲོང་རྡལ3དང་ཤང4།སྲིད་འཛིན་སྡེ་བ57ལ་རླངས་འཁོར་ཤར་གཏོང་ཐུབ་ཡོད།

ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས།རྫོང་དེས་གཞུང་ལམ་གྱི་སྤུས་ཚད་སྔར་ལས་ཇེ་བཟང་དུ་བཏང་བ་དང་།རྫོང་ཁོངས་ཀྱི་གཞུང་ལམ་གཙོ་བོ་དང་མཐའ་འཁོར་ས་ཁུལ་བར་གྱི་གཞུང་ལམ་སྦྲེལ་བར་ཤུགས་འདོན་པ། སྡེ་བའི་གཞུང་ལམ་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་པ།རྫོང་དང་ཤང་བར་གྱི་གཞུང་ལམ་གཙོ་བོ་བསྐྱར་ལས་བྱེད་པའི་ཕྱོགས་ལ་ཤུགས་འདོན་རྒྱུ་རེད།།