- 放大
- 缩小
- 默认
སུར་པན་ཐོན་ལས་རྨ་ཡུལ་འགྲམ་དུ་དར།
གསར་འགོད་པ།བུ་མོ་མཆོག
《 海南报-藏文 》( 2025年07月16日 第 02 版 )
རྫོགས་ལྡན་གྱི་དུས་འདིར།སུར་པན་འཐོག་པའི་དུས་སུ་སླེབ་ཡོད་ལ།གསར་འགོད་པ་ཁྲི་ཀ་རྫོང་རྨ་ནུབ་གྲོང་རྡལ་རྒྱ་རོ་སོག་པོ་སྡེ་བའི་སྔོ་ཚལ་དྲོད་ཁང་དུ་འཛུལ་དུས།སུར་པན་གྱི་ལོ་འདབ་རྣམ་པར་རྒྱས་ཡོད་ལ།སྐྱེ་སྟོབས་འབར་བའི་ལྗང་མདོག་གི་སུར་པན་རེ་རེ།ལོ་མའི་གསེབ་ན་ལྗིད་ཏིག་ཏིག་གིས་ཐུར་དུ་དཔྱངས་ཡོད་པ་མཐོང་དུས།ད་ལོ་ཁོ་ཚང་གི་སུར་པན་འབྲས་བཟང་སྨིན་ཡོད་པ་ཤེས་ཐུབ།སྡེ་མི་རྣམས་ཀྱིས་དགོད་གཏམ་བཤད་ཞོར་སུར་པན་བཏོག་པའམ།རིགས་བཀར་བ།སྣོད་དུ་འཇུག་པའི་ལས་ལ་བྲེལ་བཞིན་འདུག་པས།སྔོ་ཚལ་དྲོད་ཁང་འདིར་དགའ་དགའ་སྐྱིད་སྐྱིད་ཀྱི་རྣམ་པས་ཁེངས་ཡོད།
སྡེ་བའི་སུར་པན་ལ་འབྲས་བཟང་སྨིན་པར་བལྟས་ན། ད་ལོའི་སུར་པན་གྱི་ཚོང་ལས་ཧ་ཅང་བཟང་རྒྱུ་རེད།ན་ནིང་གི་ཟླ11ནང་ངས་དྲོད་ཁང་ཆེན་མོ7གླས་ནས་སུར་པན་བཏབ་པ་ཡིན། སུར་པན་སྐྱེས་པ་མགྱོགས་ལ་ཡོང་འབབ་ཡང་བཟང་།ཉིན་བཅོ་ལྔའི་ནང་ཐེངས་གཅིག་འཐོག་ཐུབ་ལ།ཐེངས་རེར་སུར་པན་རྒྱ་མ་ཁྲི1.5ཐོན་གྱིན་ཡོད།ད་ལོའི་ཟླ7པའི་བར་དུ་སུར་པན་རྒྱ་མ་ཁྲི12ཐོན་ནས་ཡོང་སྒོ་སྒོར་ཁྲི16.8སླེབས།ད་དུང་མཐའ་འཁོར་གྱི་བྱེ་ལ་སྐེ་དང་འཇའ་མོ་གྱམ་པ་སོགས་སྡེ་བ་བཞིའི་སྡེ་མི20ལྷག་སུར་པན་འཐོག་པའི་ལས་ཀར་ཞུགས་ཤིང་།ཁོ་ཚོར་བསྡོམས་པས་ལས་གླ་སྒོར་ཁྲི6བྱིན་པ་ཡིན་ཞེས་འདེབས་འཛུགས་ལས་གཉེར་བ་ལི་དབྱིན་ཚའེ་ཡིས་འཛུམ་དམུལ་དམུལ་གྱིས་མཛུབ་མོ་བགྲངས་ནས་ང་ཚོར་ལོ་ལེགས་འབྱུང་ཚད་ཅི་འདྲ་ཞིག་ཡིན་པར་རྩིས་བརྒྱབ་པ་རེད།
ཉེ་བའི་ལོ་ཤས་རིང་།རྨ་ནུབ་གྲོང་རྡལ་གྱིས་གྲོང་རྡལ་དང་སྡེ་བ།ཁེ་ལས་བཅས་རིམ་པ་གསུམ་གྱི་མཉམ་འབྲེལ་ལམ་སྲོལ་བཙུགས་ཤིང་ཐོན་ཁུངས་སྡེབ་སྒྲིག་དང་གོང་འོག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།སྡེ་མི་ཡོངས་འདེབས་འཛུགས་ལས་ལ་ཞུགས་པ་དང་ཚོང་ཟོག་མངགས་ཐོ་ཉར་ཚགས་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ལ་བརྟེན་ཕྱོགས་མང་པོའི་ཐོན་ཁུངས་སྡེབ་སྒྲིག་དང་ཁེ་ཕན་མཉམ་སྤྱོད་བྱེད་ཐུབ་ཡོད།
རྒྱ་རོ་སོག་པོ་སྡེ་བའི་ཨུ་ཡོན་གཉིས་ཀྱིས་སྡེ་བ་དང་ཁེ་ལས། འདེབས་འཛུགས་ལས་གཉེར་ཁྱིམ་ཚང་མཉམ་འབྲེལ་གྱི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་ཁར་ཞུགས་པ་དང་།ཞིང་ཕྱུགས་སྡེ་ཁག་གི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོགསྔོ་ཚལ་ཁུག་མ5000བརྩོན་ལེན་བྱས་ཤིང་།འདེབས་འཛུགས་ལས་གཉེར་ཁྱིམ་ཚང་གི་སུར་པན་རྒྱ་མ་ཁྲི0.5མངགས་ཐོར་མིང་རྟགས་བཀོད་དེ། ཐོན་སྐྱེད་དང་མཁོ་སྤྲོད། བྲིན་འཚོང་བཅས་གཞི་གཅིག་ཅན་གྱི་ཚོང་ཟོག་མངགས་ཐོར་བརྟེན་ནས་ཐོན་ལས་དར་སྤེལ་དུ་བཏང་བར་མ་ཟད།མཚོ་བོད་མཐོ་སྒང་གི་སྔོ་ཚལ་སྡེབ་ཚོང་ཁྲོམ་རར་བརྟེན་བྲིན་ཚོང་དར་སྤེལ་དུ་གཏོང་བའི་ལམ་ཁ་རྒྱ་བསྐྱེད་པ་རེད།2025ལོར།རྒྱ་རོ་སོག་པོ་སྡེ་བས་སུར་པན་འཚོང་བའི་ལས་སྒོ་སྤེལ་བ་དེས་ཡོང་འབབ་སྒོར་ཁྲི1.2ཇེ་མང་དུ་ཕྱིན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕར་བ་དང་མང་ཚོགས་ཕྱུག་འགྱུར་གྱི་ལམ་ཁར་བསྐྱོད་པའི་ཁེ་ཕན་གཉིས་མངོན་འགྱུར་བྱུང་ཡོད་པ་རེད།
ད་ལྟ་སྡེ་བ་འདི་གཉིས་ཀྱི་སྡེ་མི་ཡོངས་སུར་པན་འདེབས་འཛུགས་ཀྱི་ལས་ལ་ཞུགས་ནས་ཡོང་འབབ་མི་ཉུང་བ་འཚོལ་དང་འཚོལ་བཞིན་ཡོད་ལ།སྔོན་ཆད་མི་སུའང་དམིགས་སུ་མི་འཛིན་པའི་སུར་པན་གྱི་ཚོང་ལས་དེ་ད་ལྟ་ཐོན་ལས་འཕེལ་རྒྱས་ཁྲོད་སྡེ་མིའི་ཡོང་འབབ་འཕར་བའི་གསེར་རྡོ་ལྟ་བུ་ཞིག་ཏུ་གྱུར་ནས།སྡེ་བའི་སྐྱེ་ཁམས་མཛེས་ཤིང་ཐོན་ལས་དར་བ།མང་ཚོགས་ཕྱུག་པའི་སྣང་ཚུལ་མངོན་ཡོད།