ཁྲི་སེམས་དཔའི་སྙན་ངག(ཞར་བཀོད་གཅིག)

《 海南报-藏文 》( 2025年06月11日 第 04 版 )

གནས་མོཆོག་བྲག་དཀར་སྤྲེལ་རྫོང་།

རི་རབ་ཀྱི་ཁོང་གསེང་དུ་རང་བྱུང་ལྷུན་གྱིས་གྲུབ་པའི་ཆོས་དུང་དཀར་མོ་ཞིག་ཡོད་པ་དེ་ཁྱེད་ཡིན།

རྩྭ་ཐང་གི་པང་དུ་ནོར་བུ་ཆ་བདུན་ཁུར་བའི་གླང་པོ་ཆེ་དཀར་མོ་ཞིག་ཡོད་པ་དེའང་ཁྱེད་ཡིན།

གནས་མཇལ་པ་ཁྲི་ཕྲག་གི་སེམས་ཁོང་དུ་ཁྱེད་ནི་འོད་ལམ་ལམ་གྱི་མར་མེ་ཚེ་འབར་ཞིག་དང་འདྲ་སྟེ།

དད་འདུན་གྱི་སེམས་ཁར་ཡལ་མེད་རྟག་བརྟན་གྱི་རི་མོར་གྲུབ།

སྐྱེས་ཆེན་ཚོའི་ཞབས་པད་འཇམ་པོས་བྲག་རིའི་ཨུ་ཚུགས་མཉེན་པོར་བཏང་བ་ནས།

བྱིན་རླབས་ཀྱི་ཚན་ཁ་མདུན་ཕྱོགས་ན་ལྷུང་ལྷུང་བཞུར་བའི་ཆུ་མོས་དབྱངས་ལ་གྱེར།

ཁྱེད་ནམ་ཡང་རང་མདངས་གཙང་མས་ཁ་ཆར་བུ་ཡུག་ཁྲོད་འགྲེངས་ཤིང་།

དད་ལྡན་པ་གྲངས་མེད་ཀྱི་བདེ་སྡུག་ལ་རྒྱང་གཟིགས་མཛད།

ཁྱེད་ནི་སྟེང་ལྷ་ཡུལ་དུ་འཐེན་པའི་རྨུ་ཐག་དཀར་མོ་སྟེ།

སེམས་དོན་གྱི་རི་མོ་ལྷ་ཚོགས་ཀྱི་སྙན་དུ་བསྒྲོན།

ཁྱེད་ནི་གངས་དང་ཆུ་དང་།ཡང་ན་དར་དཀར་ཡུག་གཅིག་བཞིན་ནག་ནོག་གི་དྲི་མ་དང་རིང་དུ་བྲལ།

ཁྱེད་དང་མཇལ་ཉིན་ནས་སེམས་པ་འདི་འཁྲེང་ཞེན་གྱི་འོབས་སུ་ལྷུང་སྟེ།

ཁྱེད་ཁོ་ན་སེམས་ཀྱི་དཀར་ངོགས་སུ་བསྒོམས།

ངའི་ཁ་བ་ཅན་གྱི་གནས་རི།

འབྲོག་དགོན་ལུང་སྟོང་དུ་ཚེ་ཚེ་རབས་རབས་སུ་འགྱུར་མེད་ཀྱི་རང་ཚུགས་བསྲུངས་ནས།

གནམ་གྱི་རྒྱ་ཕིབས་བཀྱགས་ཤིང་གངས་ཀྱི་ཅོད་པན་བསྣམས།

ངའི་ནང་སེམས་ཀྱི་སྒྲུབ་ཕུག་དྲོན་མོ།

ཁྱེད་ཀྱི་བརྟན་བརླིང་དང་ཁྱེད་ཀྱི་མཛེས་སྡུག

ཁྱེད་ཀྱི་ལྷད་མེད་དང་ཁྱེད་ཀྱི་རྔམ་བརྗིད།

ཁྱེད་ནི་རང་ཉིད་མཐོང་བའི་མེ་ལོང་།

ཁྱེད་ནི་དགེ་སྡུག་འཇལ་བའི་རྒྱ་མ།

ཁྱེད་ནི་དག་ཞིང་།ཁྱེད་ནི་མཐའ་མཇུག་གི་གནས་མཆོག

ཁྱེད་ནི་ལྷ་གནས་བྲག་དཀར་སྤྲེལ་རྫོང་ངོ་།

ཧང་ཆུ་སྔོན་མོ།

གནམ་སའི་དབྱེ་མཚམས་ཀྱི་འོད་གོར་ཁྲོད་ནས་གཉིད་ལས་སད་ཅིང་།

འཁྱགས་ཀླུང་གི་སྙིང་ག་ནས་འཕག་འཚག་བརྒྱབ།

ཆུ་ཐིགས་རེ་རེའི་ནང་དུ་ལོ་ངོ་སྟོང་གི་དྭངས་གཙང་སྦས་ཡོད།

ཁྱེད་ཀྱིས་ཕ་བོང་གི་ཨུ་ཚུགས་བསྐོར་ནས།

ཐང་ཆེན་པོའི་ཁྲག་རྩའི་སྦུབས་སུ་མེ་བཞིན་འབར།

ཉི་འོད་ཀྱི་ཞི་འཇམ་ལ་སེམས་པ་གླན་ནས།

སྤོབས་པ་དང་རེ་བའི་ས་བོན་མི་ཡུལ་གྱི་དཔལ་དུ་བཏབ།

མཐོ་སྒང་གི་རྨི་ལམ་ཁུར་ནས་གང་དུ་བཞུད།

ཚེ་སྲོག་གི་ངོ་མཚར་ས་མཐོའི་སྒལ་གཞུང་དུ་འབྲི་མཁན།

ཀྱག་ཀྱོག་གི་བཞུར་རྒྱུན་རིང་མོས་ལོ་ཟླའི་གཉེར་རིས་བཀྲུས།

མདུན་ཕྱོགས་ནི་མཐའ་མེད་པའི་ཐང་རྒོད་ཡིན་ནའང་།

ཅིས་ཀྱང་བཞུར་འདོད་ཀྱི་འདུན་པ་སུ་ཡིས་འགོག

ཆུ་འགྲམ་གྱི་རྩྭ་རྩི་ཤིང་དང་ལྗོན་པའི་ཚོགས་ནི།

ཧང་ཆུས་གསོས་པའི་ཕྲུ་གུ་ཡིན་ལ།

ཁྱེད་ཀྱི་ཁེར་རྐྱང་གི་གདུང་བ་སེལ་བའི་དཔུང་རོགས་ཀྱང་ཡིན།

ཧང་ཆུ་སྔོན་མོའི་གཞུང་དུ།

ནམ་མཁའི་མཐའ་ཡས་པའི་ཁོག་རྒྱ་བབས་འདུག

སྐ་རགས་ཡུག་གཅིག་དང་མཚུངས་པའི་ཁྱོད།

རི་རབ་དང་སྒང་གཤོང་གི་རྒྱ་ཁྱོན་བརྒལ་ནས།

དུས་བཞིའི་འགྱུར་བ་དབྱངས་སུ་གྱེར།

ཧང་ཆུ་སྔོན་མོ།མཁའ་རུ་འཕྱུར་བའི་རླབས་ཕྲན།

རྨི་ལམ་གྱི་གཤོག་པ་རྒྱང་དུ་བརྐྱངས་པ་དང་ཅི་ཁྱད།

ས་མཐོའི་རེ་འདུན་ཁོང་དུ་རུམ་ནས།

མཐའ་མཇུག་གི་དཀྱོགས་མཚམས་དེ་ནས།

སེམས་ཀྱིས་བསྙོར་བའི་གསོལ་འདེབས་གྲངས་མེད།

སླར་ཡང་ཧང་ང་རྩྭ་ཐང་གི་སྙན་དུ་བསྒྲོན།