ཆར་བ་བབས་སོང་།སྨུག་པ་འཐུལ་སོང་།

བིས་མདོ་བ་ཆོས་སྐྱོང་།༼མགོ་ལོག༽

《 海南报-藏文 》( 2025年06月11日 第 04 版 )

སྒེའུ་ཁུང་དེ་མིག་གི་རྒྱལ་མོ་ཞིག་ཡིན་ན།

སྒེའུ་ཁུང་གི་ཕྱི་རོལ་དུ།

ཁྱོད་ཀྱི་མིག་ཆུ་དང་འདྲ་བའི་ཆར་བ་བབས་སོང་།

ཁྱོད་ཀྱི་སྣང་བ་དང་འདྲ་བའི་སྨུག་པ་འཐུལ་སོང་།

ཆར་བ་དེ་ཁྱོད་ཀྱི་མིག་ཆུ་ཡིན་ན།

ཕྱི་རོལ་གྱི་ངོ་གདོང་དེ།

ཚོད་ཚོད་ལ་མིག་ཆུའི་མུ་ཏིག་གིས་བརྒྱན་སོང་།

ཚོད་ཚོད་ལ་སྨུག་པའི་སང་རས་ཀྱིས་གཡོགས་སོང་།

འཕག་འཚག་དེ་སེམས་ཀྱི་ང་རོ་ཞིག་ཡིན་ན།

འཇིག་རྟེན་གྱི་བྲང་གཞུང་དུ།

སུས་ཀྱང་རང་ལུས་རུས་པ་དེ་འཆའ་བཞིན་མཆིས།

གང་གིས་ཀྱང་རང་དོན་ཟམ་པ་ཞིག་སྐྲུན་བཞིན་གདའ།

མི་ཡུལ་འདི་ཚོན་གྱི་རྫ་མ་ཞིག་ཡིན་ན།

རང་ཡུལ་ལུང་བའི་པང་ན།

ཁྱོས་དཀར་དམར་སེར་གསུམ་གྱི་ཁ་དོག་ཅིག་སྣོག་གིན་འདུག

ང་ཡིས་མངར་ཁ་སྐྱུར་གསུམ་གྱི་རོ་དྲུག་ཅིག་མྱོང་གིན་ཡོད།

སྙན་ངག་ནི་སེམས་ཀྱི་མངའ་ཐང་ཞིག་ཡིན་ན།

ཞིང་ཁམས་དེའི་ཕང་བ་ན།

ཚིག་གི་བུ་ཆུང་གིས་རང་གི་བདེ་སྡུག་དེ་ཉིན་མཚན་བརྒྱུས་བཞིན་མཆིས།

སྣང་བའི་བུ་མོས་སེམས་ཀྱི་དགའ་སྐྱོ་དེ་ཁྱོད་ལ་སྤྲིང་བཞིན་གདའ།