ཟླ་བ་དང་ཉི་མ།
ལྷ་ཚང་ཚུལ་བསྟན།༼དཀར་མཛེས།༽
《 海南报-藏文 》( 2025年06月11日 第 04 版 )
༡མུན་པ་ཐེད་ཤུལ་དུ།ཟླ་བ་གཅིག་པུས་ནམ་མཁའ་སྲུང་བར་འབད།དཀར་གཙང་གི་ཞལ་རས་ལ།དགུན་གྱི་གྲང་ལྷགས་ཡང་ཡང་བོར་ཡང་།འཛུམ་མདངས་ལ་ཉམས་པ་མི་མངའ་བས།འཇིག་རྟེན་གྱི་མི་ཚོགས་ཀྱིས།གྲོང་ཁྱེར་གྱི་སྲང་ལམ་དང་།མལ་ཁང་གི་སྒེའུ་ཁུང་ནང་ནས་ཁྱོད་ལ་ཅེར་བཞིན།དགའ་བའི་མིག་ཆུ་གཏོར་གྱིན་འདུགབསྟོད་པའི་སྙན་ཚིག་འབུལ་གྱིན་གདའ།མཚན་མོ་ཧ་ཅང་འཁྱག་ནའང་།དཀར་གསལ་དུང་གི་ཟླ་བ།ཁྱོད་ཀྱི་མཛེས་སྡུག་རྒྱ་མཚོ་ལ་འདྲེས་འདུག ༢སྐར་ཚོགས་འཐོར་ཤུལ་དུ།ཉི་མ་ཁོ་ནས་ས་གཞི་ཧྲིལ་བོ་བདག་པོ་རྒྱག་པར་བརྩོན།གཟི་བྱིན་གྱི་འོད་ཟེར་ལས།བརྩེ་བའི་དྲོད་ཁོལ་ཡང་ཡང་འཕྲོས་ནས།འཁྱག་ཤུར་ཐེབས་པའི་ལོ་ཟླའི་གས་ཁ་གསོས་པས།དུས་ཚོད་ཀྱི་འགྱུར་བག་རེ་རེས།སྒང་གཤོང་གི་སྨུག་པ་དང་།གཙང་བོའི་རླབས་རིས་བརྒྱུད་ནས།ཁྱོད་ལ་བཀའ་དྲིན་མཚོན་བྱེད་ཀྱི་ལེགས་སྐྱེས་དང་།དྲིན་ལན་བརྗེད་མེད་ཀྱི་འཕྲིན་ཡིག་སྐུར་གྱིན་གདའ།འཁོར་བ་རྙོག་འཛིང་ཤིན་ཏུ་ཆེ་ཡང་།བྱམས་ལྡན་མི་ཡི་ཉི་མ།ཁྱོད་ཀྱི་ཐུགས་བསྐྱེད་གཞན་ཕན་གྱིས་འཚེར་འདུག