བཏུང་བྱ་མོངར་མོ་ན་གཅིན་སྙི་ཟ་ཁུའི་ནད་ཀྱི་འིབྱུང་རྐྱེན་རད།

《 海南报-藏文 》( 2025年05月28日 第 03 版 )

མི་མང་པོ་ཞིག་གིས་གཅིན་སྙི་ཟ་ཁུའི་ནད་ནི་གཙོ་བོ་ཟ་མ་ཟ་བ་དང་།ཤ་རྒྱགས་པ།ལུས་པོ་སྦྱོང་བརྡར་མི་འདང་བ་བཅས་དང་འབྲེལ་བ་ཡོད་པར་འདོད་ཀྱིན་ཡོད་མོད།འོན་ཀྱང་རྒྱུན་དུ་རྒྱུ་རྐྱེན་གལ་ཆེན་ཞིག་སྣང་མེད་དུ་གཏོང་གིན་ཡོད་པ་དེ་ནི་མངར་ཆ་འདུས་པའི་བཏུང་བྱ་རེད།ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན།ང་ཚོས་བཏུང་བྱ་མངར་མོ་ཁམ་གང་འཐུང་ན་གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་པས། ལུས་པོ་སྦྱོང་བརྡར་བྱས་ནའང་དེའི་གནོད་འཚེ་སེལ་ཐུབ་ཀྱིན་མེད།

བཏུང་བྱ་མངར་མོ་ཧ་ལམ་མི་འཐུང་མཁན་དང་བསྡུར་ན། ཉིན་རེར་མངར་ཆ་འདུས་པའི་བཏུང་བྱ་འཐུང་ན་གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཉེན་ཁ41%མཐོ་རུ་འགྲོ་བ་དང་།ཉིན་རེར་མིས་བཟོས་མངར་རྫས་འདུས་པའི་བཏུང་བྱ་ཕོར་བ་གཉིས་སམ་དེའི་ཡན་འཐུང་ཚེ།གཅིན་སྙི་ཟ་ཁུའི་ནད་ཕོག་པའི་ཉེན་ཁ11%འཕར་སྲིད།

དེ་བས་གལ་ཆེ་བ་ཞིག་ནི། གཟའ་འཁོར་རེར་ཉུང་མཐའ་ཡང་སྐར་མ150ཡི་ཤུགས་ཚད་འབྲིང་མའི་ལུས་སྦྱོང་གི་ཚད་ལ་སླེབས་ཀྱང་། བཏུང་བྱ་མངར་མོའི་རིགས་ཀྱིས་ད་དུང་གཅིན་སྙི་ཟ་ཁུའི་ནད་ཕོག་པའི་ཉེན་ཁ་ཆེ་རུ་གཏོང་སྲིད།དེ་བས་ལུས་པོ་སྦྱོང་བརྡར་གྱིས་ཀྱང་བཏུང་བྱ་མངར་མོས་བཟོས་པའི་གནོད་འཚེ་ཡོངས་སུ་སེལ་མི་ཐུབ།

མིའི་ལུས་ཀྱི་བདེ་ཐང་དང་ཆེས་འཚམ་པའི་བཏུང་བྱ་ནི་ཚ་གྲང་རན་པའི་ཆུ་ཁོལ་ཡིན་པ་དང་།ཆུ་ཁོལ་ལ་མིའི་ལུས་ཁམས་ཀྱི་བྱེད་ནུས་སྙོམས་སྒྲིག་བྱེད་པའི་ནུས་པ་གལ་ཆེན་ལྡན་ཞིང་།ལུས་ཁམས་དོ་མཉམ་རྒྱུན་འཁྱོངས་དང་།རྙིང་ཚབ་གསར་བརྗེ་ལ་སྐུལ་འདེད། འཇུ་བྱེད་མ་ལག་གསོ་ཞིང་གཞང་འགག་སེལ་བ་སོགས་ཀྱི་ནུས་པ་ལྡན་པའི་ཁར།ཆུ་ཁོལ་ནང་དུ་བསྲེས་སྦྱོར་གྱི་རྫས་གང་ཡང་འདུས་མེད་ན།དེ་ནི་ཆེས་བདེ་འཇགས་ཀྱི་བཏུང་བྱ་ཡིན།

གཞན་ཡང་།རྒྱུན་དུ་ཇ་འཐུང་ནའང་ལུས་ཕུང་ལ་ཕན་པ་མང་པོ་ཡོད་དེ། ཞིབ་འཇུག་མང་པོ་ཞིག་ལས་མངོན་པར།རྒྱུན་དུ་ཇ་འཐུང་ན་འབྲས་སྐྲན་དང་།གཟའ་གྲིབ་ནད།ཁྲག་ཤེད་མཐོ་བའི་ནད།སྙིང་ཁམས་ཁྲག་རྩའི་ནད།གླེན་ནད།འཆི་བ་སོགས་ཀྱི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ་པས།ཉིན་རྒྱུན་ཇ་འོས་འཚམ་ཞིག་འཐུང་ན་བདེ་ཐང་ལ་ཕན་པ་ཆེའོ།།