ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་རྒྱ་སྐྱེད་ཚོགས་འདུ་བསྡུས་པ།

《 海南报-藏文 》( 2025年05月28日 第 03 版 )

རང་ཚགས་པར་གྱི་འཕྲིན།ཟླ5བའི་ཚེས20ཉིན།ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་རྒྱ་སྐྱེད་ཚོགས་འདུ་བསྡུས།ཀྲུང་གོ་ནགས་ལས་ཚན་རྩལ་གླིང་གི་གླིང་གཙོ་གཞོན་པ་ཟུར་པའམ་ཞིབ་འཇུག་པ།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གྲོན་དངུལ་ཡོད་པའི་ཆེད་མཁས་པ་ཚེ་ཏན་ཀུའུ་ཡིས་ཆེད་དོན་སྙན་ཞུ་ཕུལ་བ་དང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཀྲུང་ཡུའུ་ཡིས་ཚོགས་འདུར་མགོ་འཛིན་བྱས།

སྤྱི་ཡོངས་སེམས་སུ་བཟུང་ནས་རྒྱང་རིང་བོར་བསམ་བློ་གཏོང་བ་དང་རིག་པ་གསལ་བོ་བྱས་ནས་འཕེལ་རྒྱས་ལ་གཞི་འཛུགས་པ།གནད་དོན་གྱི་ཁ་ཕྱོགས་དམིགས་འབེན་ལ་གཏོད་པ། གཙོ་གནད་འབུར་ཐོན་གྱིས་གནད་འགག་གཞིར་འཛིན་པ།ལྗང་མདོག་འཕེལ་རྒྱས་གསར་བའི་ཕྱོགས་སུ་བསྐྱོད་པ་བཅས་ཕྱོགས་ལྔའི་ཐད་ནས་ཟུར་ཁྲིད་བྱས།སྤྱི་ཁོག་འཐབ་ཇུས་ཀྱི་མཐོ་ཚད་ནས་ལག་ལེན་དངོས་སུ་འདེབས་པ་དང་།རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཀྱི་རྨང་གཞིའི་ཤེས་བྱ། ཆེད་ལས་ཀྱི་ལྟ་ཕྱོགས་བརྟན་པོར་གཞིགས་ནས་ལོ་ལྔའི་འཆར་གཞི་བཅོ་ལྔ་བའི་འཆར་འགོད་བཟོ་བའི་གཙོ་གནད་དང་།འགག་རྩའི་གོ་རིམ་རྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་ཁུལ་ཡོངས་ཀྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་བའི་འཆར་འགོད་རྒྱ་སྐྱེད་དང་ཐབས་ལམ་འདོན་སྤྲོད་བྱས།

ཚོགས་འདུ་ལས་ས་ཆ་དང་སྡེ་ཁག་སོ་སོའི་ཁུལ་དང་རྫོང་གི་གནས་ཚུལ་རྒྱུས་ལོན་གཏིང་ཟབ་བྱས་ཏེ།བསམ་བློ་གཅིག་གྱུར་ཡོང་བར་བྱེད་པ་དང་།འཕེལ་རྒྱས་ཀྱི་ངེས་གནས་དང་ཁ་ཕྱོགས་གསལ་བོ་བཙལ་ནས།རང་ས་ཁུལ་དང་ལས་ཁུངས་ཀྱི་ལས་གཞི་དང་སྲིད་ཇུས་ཀྱི་གསལ་ཐོ་བཏོན་ཏེ།སྤུས་ཚད་མཐོ་བའི་འཆར་གཞི་བཟོ་འགོད་བྱ་དགོས་ཏེ།གཅིག་ནས་སྲིད་ཇུས་ཀྱི་ལངས་ཕྱོགས་མཐོ་བ་དང་ཁ་ཕྱོགས་ཡང་དག་འཆར་འགོད་བྱེད་པ།ཁུལ་གྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཆར་འགོད་བཟོ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་།མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་འཆར་འགོད་བཟོ་བའི་བྱ་བ་ཡོངས་ཀྱི་བརྒྱུད་རིམ་དང་ཕྱོགས་སོ་སོར་ཁྱབ་པར་བྱས་ཏེ།མཚོ་ལྷོའི་འཕེལ་རྒྱས་དེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྤྱིའི་འཆར་འགོད་ཁྲོད་བཞག་ནས་འཆར་འགོད་བཟོས་པ་དངོས་ཡོད་དང་ཚན་རིག་དང་མཐུན་པར་ཁག་ཐེག་བྱ་དགོས།གཉིས་ནས་འགག་རྩའི་བརྒྱུད་རིམ་ལ་དམིགས་ནས་སྒྲིག་གཞིའི་སྤུས་ཚད་མཐོར་འདེགས་སུ་གཏོང་བ།མཚོ་ལྷོའི་ད་ལྟའི་འཕེལ་རྒྱས་ཁྱད་ཆོས་ལ་ཞིབ་འཇུག་བྱས་ཏེ།སྐྱེ་ཁམས་ཅན་དང་ལྗང་མདོག་ཅན།གྲོང་ཁྱེར་ཅན་ཁ་ཕྱོགས་སུ་བཟུང་ནས།རྒྱལ་ཁབ་རྒྱུད་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུ་སྣེ་ཁྲིད་དུ་བྱེད་པ་དང་།སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྗོད་དོན་བྱས་ཏེ། གུང་ཧོའི་ཁྱོན་ཡངས་པའི་གཤོང་ས་ལྗང་མདོག་འཕེལ་རྒྱས་སུ་འགྲོ་རྒྱུ་དེ་ཁ་ཕྱོགས་གཙོ་བོར་བྱས་ནས་འཐབ་ཇུས་རང་བཞིན་དང་མཚོན་རྟགས་རང་བཞིན།སྣེ་ཁྲིད་རང་བཞིན་བཅས་ཀྱི་ལས་གཞི་གལ་ཆེན་ཁག་ཅིག་ཇུས་འགོད་དང་།སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་ནུས་ཁུངས་གཙང་མར་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བ།ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོར་འཛུགས་པ་བཅས་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས།གསུམ་ནས་རྩ་འཛུགས་འགན་སྲུང་ལ་ཤུགས་སྣོན་བྱས་ནས་འགན་འཁྲི་ནན་མོ་འཁུར་དགོས་ཤིང་། མདུན་གྲལ་རང་བཞིན་གྱི་བསམ་གཞིགས་དང་ཁྱོན་ཡོངས་རང་བཞིན་གྱི་ཇུས་འགོད།འཐབ་ཇུས་རང་བཞིན་གྱི་བཀོད་པ་བཅས་ལ་དོ་སྣང་བྱས་ནས།ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་གཙོ་བོ་གཏན་འཁེལ་བྱ་དགོས།འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་དང་མཉམ་ལས་བྱ་བ་དམ་འཛིན་བྱས་ནས།ཞིང་ཆེན་དང་ཁུལ།རྫོང་བཅས་རིམ་པ་གསུམ་གྱི་འཆར་འགོད་ཁྱབ་པར་འགན་ལེན་དང་། ལོ་ལྔའི་འཆར་གཞི་བཅོ་ལྔ་བའི་མཚོ་ལྷོའི་འཕེལ་རྒྱས་ཀྱི་ནུས་ཤུགས་གསར་བ་དང་དམིགས་འབེན་གསར་བ།ངེས་གནས་གསར་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མིའམ་ཁུལ་ཨུའི་པུའུ་ཨུ་སོ་སོ་དང་ཁུལ་གཏོགས་ལས་ཁུངས། ཁུལ་མི་དམངས་ཚོགས་པའི་འགན་འཁུར་བློ་མཐུན་གཙོ་བོ།རྫོང་ཏང་ཨུ་སོ་སོ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་ཞུགས་ཡོད་པ་རེད།།