ང་རང་ཕ་ཡུལོ་ལོ་ལོག་ཐེངས་རར།

ཙ་སུར་སྦྱིན་པ།༼ཀན་ལྷོ།༽

《 海南报-藏文 》( 2025年03月26日 第 04 版 )

ང་རང་ཕ་ཡུལ་ལ་ལོག་ཐེངས་རེར།ཕ་ཡུལ་གྱི་ཕ་ཨ་ཁུ་ཚོས།ད་ལོར་གནམ་གྱི་ངོ་སོ་དང་ཆར་ཆུ་དུས་འབབ་ཀྱི་ལོ་ལེགས་བཤད་དུས།ཁ་ཡ་ན་ཟླ་ཚོས། ཕ་ས་བཙོང་ཚུལ་དང་དབྱར་རྩ་བརྐོ་ཚུལ་གླེང་གིན་ཡོད་ལ།མ་དང་སྲུ་མོ་ཚོས།གཡང་གི་རུ་མ་དང་ནོར་གྱི་འཕེལ་ཁ་གླེང་དུས།དེང་གི་ན་གཞོན་ཚོས་དགའ་བའི་གར་དང་འདོད་པའི་གླུ་ལ་བགས་ཀྱིས་གཡེང་བཞིན་འདུག་པས།ཕ་མ་ལ་བརྩི་བཀུར་དབེན་ཞིང་ནང་མི་ཚོར་སེམས་ཐག་མི་ཉེ།རིགས་ཀྱི་སྲོལ་ལུགས་བཟང་བོ་བག་ལ་ཞ་ཞིང་ལུས་བདེ་སེམས་སྐྱིད་ཀྱི་བདེ་ཐང་གཞི་ནས་འབོར་ལ་ཉེ།ཡུལ་ཁམས་ཞོད་འཇགས་ཀྱི་ལས་སྐལ་རིང་དུ་འདོར་ལ་ཉེ།འདི་ནི་ང་དང་ངའི་གཅོང་ནད་ཀྱི་རྨ་ཁ་མ་སོས་པ་དེས་ལན་ནམ།ཡང་ན་དུས་ཀྱི་སོ་ཁ་ན་འབར་བའི་མེ་ལྕེ་དེས་འགྲམ་ལྕག་ཡིན་ནམ།

ང་རང་ཕ་ཡུལ་ལ་ལོག་ཐེངས་རེར།ཡུལ་མི་ཚོས་ཁྱོད་བདེ་ང་བཟང་གི་ལག་འཇུ་ཐོག་མ་སྤྲོ་འཛུམ་གྱིས་བསུ་ལ།ཅིག་ཅར་མ་ཡིན་པའི་རིམ་ཅན་གྱིས་བྱོ་ཡོང་བ་ནི།གང་ནས་ཡོང་བ་དང་བྱ་བ་ཅི་ཞིག་ལས་ཀྱིན་ཡོད་མེད། ཚོང་རྒྱག་གིན་ཡོད་མེད་དང་། དངུལ་སྒོར་ཇི་ལྟར་འཚོལ་ལུགས།བསགས་དངུལ་ཡོད་མེད།གང་ལ་འགྲོ་རྩིས་དང་རླངས་འཁོར་གང་ལ་བཞག་ཡོད་པ་བཅས་ཀྱིས།ང་ལ་ངང་ངམ་ཤུགས་ཀྱིས་འདང་རེ་རྒྱག་དགོས་པ་ནི།ངེས་པར་དུ་རླངས་འཁོར་ཡོད་པ་གཞིར་བཞག་གིས་ཁ་བརྡ་བསྙད་ཡོང་ལ།རླངས་འཁོར་ལ་དགའ་ཞིང་སྐོར་མི་ཤེས་པ་མ་ཟད།སྐོར་ཡིག་གི་ལག་རྟགས་མེད་པ།རླངས་འཁོར་ཉོས་ཟིན་ནས་བཟུང་འདོད་པ་རྫོགས་སོང་བ་དེ་བས་མིན་པར།ཡང་བསྐྱར་ཚེགས་ཆེ་མེད་མུག་གི་ལས་གཞན་ཞིག་གི་འགོ་བརྩམས་པ་ནི།ཁྱིམ་ཚང་རང་གི་དངུལ་གང་ཡོད་ཀྱི་སྣེ་རུ་མེར་སྲེག་པའི་སྒོ་ཚིགས་པ་ཁྱེད་ཀྱིས་རྟོགས་ཡོང་ངམ།

ང་རང་ཕ་ཡུལ་ལ་ལོག་ཐེངས་རེར།རྒན་རྒོན་ཚོའི་སེམས་ཀྱི་ཟབ་ས་དང་མིག་འབྲས་ཅེར་ས་ནི།བུ་རབས་ཚ་རྒྱུད་ཚོའི་གཤིས་རྒྱུད་ཇེ་ཡག་དང་།ཡ་རབས་སྲོལ་བཟང་གི་སྲོལ་རྒྱུན་ཉམས་སུ་མི་འཇུག་རྒྱུ་དེ་ཡིན་ལ། ན་གཞོན་ཚོའི་རེ་བའི་ཕུགས་འདུན་དང་བསམ་པའི་སྙེག་ཡུལ་ནི།ཕ་མ་དང་བར་ཐག་གིས་བཅད་ནས་གང་དྲན་གྱི་ཉི་མར་ལྡེ་བ་དང་། ཕ་ཡུལ་དང་གྱེས་ནས་ཤོག་དངུལ་ཅུང་ཙམ་རེ་དང་།གསར་བུ་གང་བཟང་དང་གསར་མོ་གང་ཡག་མགྲོན་པོར་བསུས་ཏེ་སྡོད་པ་ལས།རིགས་ཀྱི་ཡིག་གནས་དང་ཡུལ་གྱི་གོམས་སྲོལ་སོགས་རྦད་ནས་འཁོར་ཕྱོགས་མེད་པའི་འདུ་ཤེས་དང་། ལྷག་དོན་དེང་གི་བདེ་འཇགས་དང་ལུས་ཀྱི་འཕྲོད་བསྟེན་སོགས་ལ་རིང་དུ་སོང་བའི་བསམ་བློ་ལང་ཤོར་དང་སེམས་པ་རྒྱ་ཡན་པ་ཚོས།བག་མེད་དུ་ཆང་དང་འཆལ་སྤྱོད་ཀྱི་ལས་ལ་མངོན་སུམ་འཛེམ་མེད་ཀྱིས་བསྙུར་བ་ནི།དུས་རབས་དུག་གི་ཁ་རླངས་ཤིག་ཡིན་པ་གཞི་ནས་ཚོར་གྱིན་མེད།

ང་རང་ཕ་ཡུལ་ལ་ལོག་ཐེངས་རེར།ཕུ་ནུ་མིང་སྲིང་ཚོར་ལུས་ཀྱི་བདེ་ཐང་དང་།སེམས་ཀྱི་སྨོན་འདུན་རེ་གློད་པ་ནི། རང་ས་རང་གིས་བཟུང་།གཞན་ས་མིག་གིས་འཚོས།དེ་ནི་བདེ་འཇགས་དང་ལྷོད་ཡངས།བག་ཕེབས་ཀྱི་གནས་དང་གཞི་གཙོ་བོ་ཡིན་ཞེས་སྨྲ་བ་མི་ཉུང་ལ།སྤྱི་ཚོགས་འཚོ་བའི་ཀློང་དང་།དུས་རབས་དེང་གི་མཐོ་སྒང་ན།ཉན་མཁན་ཡོད་ལ་ཉན་པར་མི་སྤྲོ་མཁན་དེ་བས་མང་།ཡིན་ཡང་།དུས་མཐུན་གྱི་བདེ་འཇགས་དང་།དོན་བཟང་གི་མདུན་སྐྱོད་ནི་ང་ཚོ་འཚོ་བཞིན་པའི་འཕར་རྩ་དང་།རྒྱུག་བཞིན་པའི་མྱུར་ལམ་འཁོར་འགྲོས་ཀྱིས་ཀྱང་བསྟན་ཡོང་བ་ནི། དེང་གི་ཆར་མེད་ན་འདུག་ཚོད་མེད་པ་དང་།ཡོད་ན་རྒྱུག་ཚོད་མེད་པའི་ས་ལམ་མ་ཟིན་ན།རྐྱེན་ངན་གང་ཞིག་གིས་རང་གི་སྐྱིད་ཀྱི་སྣང་དང་།བདེ་བའི་གོ་སྐབས་ཡེ་ནས་འཕྲོག་འགྲོ་བར་སོམ་ཉི་མི་ཟའམ།

འདི་ནི་དུས་རབས་གསར་བའི་མཁའ་དབྱིངས་ན།ཁྲིམས་ཀྱི་ཉི་ཟླས་ལུགས་གཉིས་སྐྱོང་བའི་མུ་ཏིག་འོད་ཆེན་དང་། ནོར་འཛིན་སྒེག་མོའི་ལྟོ་བར་སྦྲུམ་པའི་སྣོད་བཅུད་སྲུང་བའི་སྲུང་འཁོར་དང་། དུས་བདེ་ཞོད་འཇགས་ཀྱི་དུས་རབས་ཤིག་དན་རྟགས་ཡིན།།