- 放大
- 缩小
- 默认
བུ་ལ་སྤྲིཕྲངས་པའིྲཕ་འཕྲིཕྲན།
གླེ་གཞུག་པད་མ་སྐྱབས།(ཟི་ལིང་།)
《 海南报-藏文 》( 2025年03月26日 第 04 版 )
དབྱར་ཟླ་དང་བོའི་མེ་ཏོག་གི་དྲི་བསུང་དང་ལྷན་དུ་ལོ་ངོ་བདུན་གྱི་བར་མཚམས་བཅད་ནས་ངའི་བུ་ཆུང་གཉིས་ཀྱི་ཚེ་སྲོག་གི་རྟེན་གཞི་ཡང་རེས་མོས་སུ་ངེད་བཟའ་ཟླ་གཉིས་ལ་བཅོལ་ཞིང་།དུས་དེ་ནས་བཟུང་ང་རང་འཇིག་རྟེན་འདིའི་སྟེང་གི་ཨ་ཕ་དང་སྒོས་སུ་བོད་ཁ་བ་ཅན་གྱི་ཨ་ཕ་ཞིག་གི་མིང་བྱང་འཛིན་ཁུལ་བྱས་པ་ཡིན་ལ།ཡང་གཅིག་བཤད་ན་ཁྱོད་སྤུན་མཆེད་གཉིས་ཀྱིས་ང་ལ་བསྩལ་བའི་རྙེད་དུ་མེད་པའི་གོ་ཐོབ་ཅིག་ཡིན་ཞེས་བརྗོད་ཀྱང་མི་ཆོག་པ་མེད།
ཁྱོད་གཉིས་ཀྱིས་ཚེ་སྲོག་གི་མྱུ་གུ་འཛམ་གླིང་གི་ཡང་རྩེ་སྟེ་གངས་ཅན་ལྗོངས་སུ་འབུས་པ་ནས་བཟུང་།མ་ཎི་ཡིག་དྲུག་ངག་ནས་ཟློ་ཞིང་།གསལ་བྱེད་སུམ་ཅུའི་གདངས་དབྱངས་གསལ་བ།རིག་གནས་བཅུ་ཡི་གཟི་འོད་འཚེར་བའི་གངས་རིའི་ཁྱོན་ཏེ་ཕ་སྤྲེའུ་བྱང་ཆུབ་སེམས་དཔའི་ཐུགས་རྒྱུད་དང་མ་བྲག་གི་སྲིན་མོའི་བློ་རྩེ་ལས་བྱུང་བའི་བོད་ཅེས་པའི་མི་རིགས་ཤིག་ཏུ་གྱུར་བ་ནི་འུ་ཚང་གི་མི་རབས་དུ་མའི་སྨོན་ལམ་དང་ཚོགས་བསགས་ཀྱི་སྟོབས་ལས་འཁྲུངས་བར་སྨོས་མ་དགོས་ལ།ཡང་གཅིག་བཤད་ན་ཁྱོད་གཉིས་ཀྱིས་ཚེ་རབས་སྟོང་གི་དགེ་སྦྱོར་དང་དད་སྟོབས་ཀྱིས་སྨིན་པའང་གདོན་མི་ཟ།
འུ་ཅག་གི་མེས་པོ་གོང་མ་རྣམས་ནི་བློ་རྒྱ་མཁའ་ལས་ཡངས་པས་མིང་ལ་ནམ་མཁའ་དང་།ཉི་མ།ཟླ་བ།སྐར་མ་སོགས་གང་བཟང་གང་མཐོའི་མིང་འདོགས་ཤིང་། རྒྱུ་འབྲས་སྲོག་ལྟར་བཀུར་བས་དཀོན་མཆོག་དང་།སངས་རྒྱས།བླ་མ།དགེ་འདུན་སོགས་དཀོན་མཆོག་གསུམ་ལ་སྦྱར་ནས་མིང་འདོགས་སྲོལ་ཡོད་པ་མ་ཟད། མི་དང་རང་བྱུང་ཁམས་འཆམ་ཤིང་མཐུན་པས་རྒྱ་མཚོ་དང་། སེང་གེ མེ་ཏོག་སོགས་རི་བོ་དང་རྒྱ་མཚོ།སྲོག་ཆགས་དང་རྩི་ཤིང་སོགས་ལ་སྦྱར་ནས་རྟགས་དང་རྟེན་འབྲེལ་སྒོས་མིང་འདོགས་པའི་སྲོལ་ཀྱང་སྔ་མོ་ཞིག་ནས་དར་ཁྱབ་བྱུང་ཡོད་པ་ཡིན།དེ་བཞིན་དུ་ཁྱོད་གཉིས་ཀྱང་སྤངས་རྟོགས་ཀྱི་ཡོན་ཏན་མངའ་ཞིང་མདོ་སྔགས་ཟུང་གིས་རྒྱན་ཆ་སྤྲས་པའི་སྐྱེས་ཆེན་ཞིག་གིས་ལྷ་མོ་རྡོ་རྗེ་དང་ཚེ་རིང་བསམ་འགྲུབ་ཅེས་པའི་མིང་བསྩལ་བ་ཡིན་ལ།མིང་བཏགས་པ་དང་ཆབས་ཅིག་དཀོན་མཆོག་གསུམ་པོ་གཙིག་ཏུ་བཀུར་ཞིང་། ལས་རྒྱུ་འབྲས་མིག་ལྟར་སྲུང་པའི་བོད་ཅེས་པའི་མི་རིགས་ཤིག་གི་གཟུངས་གཞུག་ཕུལ་བ་རེད།
དེ་ལས་ཀྱང་རིགས་རྒྱུད་ཀྱི་ཆུ་བོ་གངས་ལ་གཏུགས་པ་ཡིན་ཚེ། རང་རིགས་ལ་རྩ་བའི་རུས་ཆེན་བཞི་དང་རུས་ཆུང་བཞི་ཡོད་པ་ལས་ལྡོང་ལ་གཏུགས་དགོས་པས་དཔའ་འཁུམས་ཤིང་ཉྭ་འདར་དགོས་པའི་རིགས་རྒྱུད་ཅིག་མིན་པ་སེམས་ཀྱི་གཏིང་དང་སྙིང་གི་དཀྱིལ་དུ་ཉར་དགོས།དེ་ནས་ལོ་ཟླའི་བཞུན་རྒྱུན་རིང་མོ་ཞིག་འདས་པ་ན་ཁམས་གསུམ་དབང་ལ་བསྡུས་མྱོང་བའི་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་།ས་སྐྱ་གོང་མ་རྣམ་ལྔ།རྗེ་ཙོང་ཁ་བ་ཡབ་སྲས་གསུམ་གྱིས་མཚོན་པའི་ས་དགེ་བཀའ་རྙིང་དང་། ཇོ་ནང་། གཡུང་དྲུང་བོན་ལ་སོགས་པའི་གྲུབ་མཐའ་སྨྲ་བ་མང་བོ་གནམ་གྱིས་ས་བཀབ་པ་ལྟ་བུའི་སྐྱེས་ཆེན་ནམ་མཁའི་སྐར་ཚོགས་ཇི་བཞིན་བཀྲ་བ་ནི་དེབ་ཐེར་གསུང་རབ་རྒྱ་མཚོ་རི་བོའི་གཏོས་དང་མཉམ་པ་དག་ལས་ཀྱང་གསལ་བོར་མཐོང་ཐུབ།
ལྷག་པར་དུ་དུས་རབས་བདུན་པའི་ནང་དུ་བོད་ཀྱི་མཛངས་མི་བདུན་ལས་བཞི་བ་སྟེ་སློབ་དཔོན་ཐོན་མི་མཆོག་གིས་བོད་ཡིག་གསར་ཏུ་མཛད་པ་ནས་བཟུང་།རང་རེའི་ཁ་བའི་ལྗོངས་ཀྱི་མ་རིག་མུན་པ་ཡོངས་སུ་སེལ་ཏེ་ཕྱོགས་བཞིའི་གླིང་སོ་སོ་ནས་ཀྱང་ངོ་གནོང་མི་དགོས་པའི་བརྡ་སྤྲོད་ཀྱི་ཡི་གེ་བྱུང་བ་ཡིན་ལ།དེ་ལ་བརྟེན་ནས་རིག་གནས་ཆེ་ཆུང་བཅུའི་རྣམ་བཞག་གཏན་ལ་ཕབ་ཅིང་།རིགས་ཀྱི་མེ་ཏོག་གི་གང་བུའང་ཕྱོགས་སོ་སོ་ནས་འབུས་ཤིང་རྒྱས་པར་གྱུར་བ་རེད།
འུ་ཚང་གི་མེས་བོ་གོང་མ་རྣམས་ནས་ད་ལ་ཐུག་གི་བར་ཏུ་ཇོ་མོ་གླང་མའི་འདབ་རོལ་ནས་བོད་སྐད་ཟས་སུ་ཟ་ཞིང་།བོད་ཡིག་གོས་སུ་གྱོན་པའི་གོམས་སྲོལ་བཟང་བོ་ཞིག་ཡོད་པ་མ་ཟད།སྐམ་ས་དང་རྒྱ་མཚོ་བསྡེབས་པའི་འགྲམ་ངོགས་ནས་རྒྱ་ཡིག་ཐུགས་སུ་ཆུད་ཅིང་ཕྱི་ཡིག་ལ་བྱང་ཆ་ལྡན་པའི་བློ་སྦྱོང་གི་ཁོར་ཡུག་བཟང་བོ་ཞིག་ཆགས་ཡོད་པའང་ངའི་སྙིང་ལས་བརྩེ་བའི་གཅེས་ཕྲུག་གཉིས་ཀྱིས་ཡིད་ལ་སྒོམ་དགོས།
ཁྱོད་གཉིས་ཀྱི་ཤ་གསེང་ན་ལྷོག་ལྷོག་ཏུ་རྒྱུ་བའི་ཟུངས་ཁྲག་དྲོན་མོ་དེ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོས་གནང་བ་ཡིན་ལ། ཤ་གཟུགས་སུ་སྣང་བའི་ཕུང་བོ་འདེགས་པའི་རུས་སྒྲོམ་དེ་ནི་འགར་དམ་པས་བྱིན་པ་ཡིན།དབང་བོ་ལྔ་ཡི་རྣ་ཁུང་ན་དབྱུང་བའི་དབུགས་ཀྱི་རྒྱུ་བ་ཡང་མོ་དེ་ནི་སློབ་དཔོན་ཐོན་མིས་བསྩལ་བ་ཡིན་པ་མ་ཟད།གཞན་བློ་དང་རྒྱུ་མའི་བར་གསེང་ན་ཟིལ་ཤུགས་ཀྱིས་འཕྱོས་པའི་ང་རྒྱལ་དེ་ནི་ཁྱོད་གཉིས་ཀྱི་མེས་པོ་གོང་མ་རྣམས་ཀྱིས་རྔུལ་ཁྲག་ལས་བསྐྲུན་པ་ཡིན་པས་ང་ཚོས་ཁོང་ཅག་ལ་ཁྲེལ་མེད་བྱ་མི་སྲིད་ལ་བྱེད་ཀྱང་མི་འོས།
ཉེ་བའི་ལོ་འདི་འགའི་རིང་ལ་དུས་ནི་མི་འགྱུར་མི་ནི་འགྱུར་བ་ཡིན་ཞེས་པའི་དཔེ་ལྟར།མི་སེམས་ལ་བདུད་ཞུགས་པ་ལྟར་བོད་སྐད་བོད་ཡིག་སྙིགས་རོ་བཞིན་འཕངས་མེད་དུ་གཡུགས་པ་དང་།རྒྱན་གོས་དང་སྲོལ་བཟང་ཁྱི་རོ་བཞིན་གང་སར་འཕེན་པའི་ར་མ་ལུག་གི་རིགས་གཅིག་སྤུན་ཟླ་མང་དུ་སྣང་ཞིང་།རྒྱ་བོད་དབྱིན་གསུམ་གྱི་སྐད་ཆ་མཉམ་དུ་བསྲེས་ཏེ་རྫིག་ཉམས་སྒོས་ཕུང་བོ་གསུམ་པའི་སྐད་ཆ་ལབ་པར་གཟི་བརྗིད་དུ་བརྩི་བའི་ནལ་བུའང་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་བ་དང། སྤྲིན་གསེབ་ཀྱི་ཆར་བ་བཞིན་ཤག་ཤག་ཏུ་འབབ་པའི་དུས་སྐབས་འདིར།ང་རང་ཨ་ཕ་ཞིག་དང་སྒོས་སུ་རྨ་འབྲི་རྫ་གསུམ་གྱིས་སྐོམ་པ་སེལ་ཞིང་། རྟ་ནོར་ལུག་གསུམ་གྱི་རྨིག་སྒྲར་སྙེག་པ།འབྲུ་རིགས་སྣ་ལྔའི་རླབས་སྒྲ་ལ་ཉན་ཞོར་ནར་སོན་པའི་གངས་ཅན་ལྗོངས་ཀྱི་ཨ་ཕ་ཞིག་ཡིན་ཕྱིན། ཁྱོད་གཉིས་ལ་ཡང་རྟ་ནོར་ལུག་གསུམ་གྱི་རྨིག་རྗེས་འབྲངས་བའི་སྤྲོ་བ་དབེན་ནའང་། གྲོ་ནས་སྲན་གསུམ་ལ་བདག་པོ་བརྒྱག་པའི་འདུན་པ་མེད་ནའང་།མཁན་སློབ་ཆོས་གསུམ་གྱི་བཀའ་དྲིན་དང་སློབ་དཔོན་ཐོན་མིའི་མཛད་རྗེས་སོགས་རྡོ་ལ་རི་མོ་བརྐོས་པ་བཞིན་སྙིང་གི་སྒམ་ཏུ་བཅུག་སྟེ་གསེར་དངུལ་གྱི་ཕྱི་ཐུམ་གླན་ཞིང་གཡུ་བྱུར་གྱི་ཕྲ་རྒྱན་སྤྲས་དགོས་ལ།མེས་པོ་གོང་མ་དག་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་རིག་གནས་དང་ཆ་ལུགས་སོགས་ཀྱང་ལུས་དང་གྲིབ་མ་བཞིན་འབྲལ་མེད་དུ་བྱེད་རྒྱུ་ནི་ཨ་ཕ་ངའི་རེ་བ་ཉག་གཅིག་ཡིན་ནོ།།