སྟོན་མཇུག་གི་ཁ་བ།

ཁྱུང་གཤོག མཚོ་ལྷོ།༽

《 海南报-藏文 》( 2024年12月11日 第 04 版 )

སྟོན་མཇུག་གི་ཁ་བ།

ཁྱུང་གཤོག ༼མཚོ་ལྷོ།༽

འཇབ་ཀྱིན་འོང་བའི་ཁ་བ་འདི།

ཡིད་གདུང་སེལ་བྱེད་ཀྱི་བདུད་རྩི་ཧུབ་གང་རེད།

འདི་ལྟར་འཇམ་མཉེན་གྱིས་འབབ་པ་ནི།

ཁྱེད་ཀྱི་ཡིད་འོང་གི་གཏམ་རྒྱུད་དགརྒྱང་རིང་ནས་ངའི་རྨི་

ལམ་དུ་བབས་པ་དང་འདྲ།

ཁ་བ་འདི།བདག་གི་ངོ་གདོང་བརྒྱུད།

ལུས་ཀྱི་རྩ་ལམ་དང་།

སེམས་ཀྱི་ཟབ་སར་བབས་ཏེ།

དུས་ཚིགས་གཞན་ཞིག་ལ་སྤོ་བའི་བྲེལ་ཤ་ཡང་ཡང་སློང་།

ཁ་བ་དལ་གྱིས་འབབ་ཚུལ་འདི།

འུ་གཉིས་ཀྱིས།ཕན་ཚུན་གྱི་ཤ་གསེང་ལ་བརྐོས་པའི་ཞེ་འདང་ཡིན་ནམ།

ངས་གྲོང་ཁྱེར་འདིའི་མངོན་མེད་ཀྱི་གྲུ་ག་ཞིག་ཏུ།

ཁྱོད་ཁོ་ན་ངའི་ཚེ་གང་བོའི་ན་ཟུག་ཡིན་ཞེས་ཡང་ཡང་བཟློས།

ང་རང་ཁྱེད་ཁོ་ནར་གོམས་པར་གྱུར་པས།

དུས་ཚིགས་འདིའི་ཁ་དོག་ལ་ཁྲེལ་འཇོག་ཡེ་ནས་མ་བྱས།

བརྩེ་འདང་གི་རྣོ་དབལ་རབ་ཏུ་ཆེ་བས་ཡིན་ནམ།

ཁ་བའི་འདབ་མ་ཁ་ཤས།

ངའི་སྐྱོ་གདུང་གི་སྨིན་མཚམས་སུ་བབས་ཏེ།

ཁྱེད་ཕྱོགས་སུ་བཞུར་བའི་མིག་ཆུའི་བཞུར་རྒྱུན་ཡང་ཡང་གཅོད།