- 放大
- 缩小
- 默认
ཁྱེད་ཀྱིས་གསན་བཞིན་ཡོད་དམ།
སྣག་ཚ་ནག་པོ།༼ནག་ཆུ།༽
《 海南报-藏文 》( 2024年12月11日 第 04 版 )
ང་ཡང་དགའ་ན་གད་མོ་དགོད་ཅིང་།སྡུག་ན་མཆི་མ་གཏོང་མཁན་གྱི་འཁོར་བའི་འདམ་རྫབ་དཀྱིལ་ན་གནས་པའི་མི་དཀྱུས་མ་ཞིག་ལོས་ཡིན་ཨང་།འོན་ཀྱང་ད་ལྟ་ངའི་དགའ་སྡུག་ནི་རང་ཉིད་གཅིག་པུའི་བདེ་སྡུག་ཙམ་མ་ཡིན་པར་ཁྱེད་ཀྱི་དགའ་སྡུག་དང་འབྲེལ་ནས་ཡོད་པ་ཤེས་ཀྱི་ཡོད།ནམ་ཞིག་ཁྱེད་རང་གི་སྐྱིད་སྡུག་དང་ལྷན་དུ་ང་ཡང་འབྲེལ་བའི་རེ་སྨོན་བྱས་མྱོང་།ང་ཚོ་དམར་ཧྲེང་ངེར་འཇིག་རྟེན་འདི་རུ་ཡོང་ལ།ཡང་དམར་ཧྲེང་ངེར་འདི་ནས་འབྲལ་དགོས་པ་ཚོར་དུས། གདོང་གི་མཛེས་པ་དང་།ལུས་ཀྱི་འཕྱོར་སྒེགཕྱི་ཡི་ཟས་གོས་སོགས་གང་ཡང་ཨ་སྔོན་གྱི་འཇའ་ཚོན་བཞིན་ཆ་འཇོག་མེད་རུང་།མི་སེམས་དང་མི་སེམས་བར་གྱི་དྭངས་གཙང་གི་བརྩེ་བ་རེ་རེ་ནི། དུས་ཀྱི་ཆགས་འཇིག་དང་།སྲིད་པའི་བསླུ་བྲིད་ཀྱིས་བསུབ་ཐབས་མེད་པའི་འདུས་རྫས་ཤིག་ཡིན་པར་ཡིད་ཆེས་བྱེད་ཀྱིན་ཡོད།
མཚན་མོ་ནི་ང་དང་འདྲ་བར་རང་དབང་ལ་དགའ་བའི་མི་ཚོགས་དག་ལ་དབང་བའི་འཇིག་རྟེན་གཞན་ཞིག་ཡིན།མི་ཚོགས་དེ་ཚོའི་གློ་སྙིང་མཆིན་གསུམ་སོགས་དབང་པོ་ཡོད་ཚད་སྦི་རག་གི་ལྦུ་བ་བཞིན་མཁའ་ལ་འཕྱོ་བཞིན་ཡོད།གླུ་གཞས་དང་།སྙན་ངགཁྱོད་ལ་བཅངས་པའི་དབྱངས་རྟ་སོགས།ཡོད་ཚད་སྦི་རག་གི་ལྦུ་བ་བཞིན་མཁའ་ལ་འཕྱོ་བཞིན་ཡོད།དེ་དག་དང་ལྷན་ཏུ་བྲེལ་ཟིང་གི་ཉིན་མོའི་ཁྲོད་ངལ་དུབ་ཀྱིས་མནར་བའི་སེམས་པ་སྐྱ་བོའི་གསེང་ནས།ཁྱོད་དང་འབྲེལ་བའི་དངོས་པོ་དག མཚན་ནམ་རིང་མོའི་གོང་འོག་ཏུ་ངའི་ཤ་གསེང་རུས་གསེང་ཏུ་ཡང་ཡང་འཕྱོ་བཞིན་ཡོད།མ་གཞི་འཛོམས་པའི་མཐའ་མ་འབྲལ་རྒྱུ་ནི་འཇིག་རྟེན་གྱི་ཆོས་ཉིད་ཇི་བཞིན།ནམ་ཞིག་འཆི་བ་ཞེས་པའི་ཚེ་སྲོག་གི་ཤན་པ་ཞིག་གིས་ང་ཚོའི་རྣམ་ཤེས་ཀྱི་ཚོགས་སྐྱེས་ཤིང་དུང་བའི་ཤ་ཁྲག་གི་ལུས་དང་ཕྲལ་དུས།ང་ཚོ་ལ་ཐབས་ཤེས་གང་ཡང་མེད་རུང་།དེ་ནི་འདུས་བྱས་ཡོད་དོ་ཅོག་གི་མཐའ་མའི་མཇུག་འབྲས་ཡིན་པས་དེར་ཞེན་ཆགས་དང་ཕངས་སེམས་ཞིག་དགོས་དོན་ཅི་ཡོད།འོན་ཀྱང་རང་ལུས་རང་ལ་དབང་བའི་གསོན་པའི་ལོ་ཟླའི་ཁྲོད།ངས་ཁྱེད་དང་ང་ལ་མི་འོས་པའི་ཕངས་སེམས་ཤིག་མ་བཞག་པར། ཕྱི་ནང་གཉིས་ཀྱིས་འཇོན་ཚོད་ཀྱིས་ངེད་གཉིས་ལ་དབང་བའི་ཡོད་ཚད་སྣང་ཆེན་དང་དམ་འཛིན་བྱེད་རྒྱུ་ནི་ཆེས་མཛེས་པའི་གདམ་ག་ཞིག་ཡིན་པ་ཤེས་ཀྱིན་ཡོད།སྙིང་ཉེ་བའི་ཁྱེད།ངས་ཇི་ལྟ་བུའི་ངག་འཇམ་ཞིག་གིས་དེ་དག་ཁྱེད་ལ་བཤད་པར་འདོད་ཨང་།འདབ་ཆགས་ཤིག་ལ་དབང་བའི་ནམ་མཁའ་བཞིན།ངེད་གཉིས་ལ་དབང་བའི་ལྷིང་འཇགས་དང་ཁུ་སིམ་གྱི་འཇིག་རྟེན་ཞིག་ནས།ངས་ཁྱོད་ལ་ངག་འཇམ་གྱི་མཛའ་གཏམ་དག་འཆད་བཞིན། ཞེ་གཏིང་ནས་འཕྲོས་པའི་ལྷག་བསམ་གྱི་འོ་ཆུ། འབྲི་མོ་ཞིག་གི་གཤིས་རྒྱུད་ཇི་བཞིན་ཁྱོད་ལ་བཤད་པར་འདོད།ཁྱོད་རང་དལ་ལྷོད་ཀྱིས་ངའི་འཇིག་རྟེན་དུ་རྐང་པ་བཙུགས་ནས་ལན་གཅིག་གསན་རོགས་གནང་དང་།ང་ནི་ཁྱོད་ཀྱི་ཕྱི་ཡི་གཟུགས།ནང་གི་དབང་པོ་ཡོངས་ལ་དགའ་བའི་གཞོན་ནུ་ཨུ་ཚུགས་ཅན་ཞིག་ཡིན་ཨང་།ནམ་ཞིག་ཆགས་འཇིག་གི་རླུང་བུས་ངའི་ཚེ་སྲོག་གི་མར་མེ་མ་བསད་བར་དུ།ངས་ཁྱོད་ཀྱི་ཕྱི་ནང་གཉིས་སུ་བཅངས་པའི་བརྩེ་བ་ལ་ལྷད་ཟུར་ཙམ་མེད།
སྙིང་ཉེ་བའི་ཁྱེད།ང་ལ་ལན་གཅིག་གསོན་དང་། མ་གཞི་ང་ནི་འཚུབ་ཆ་དང་། རྫབ་རྫུབ་ཀྱི་གསར་བུ་ཧོལ་རྒྱུག་ཅན་ཞིག་ཡིན་ཡང་སྲིད་མོད།འོན་ཀྱང་ལོ་ཟླའི་བསླུ་བྲིད་ཀྱི་རླབས་རིས་ངོས་སུ།ང་ནི་གཡོ་འགུལ་མེད་པའི་གྲུ་ཆུང་ཞིག་ཡིན་པ་ངས་ཁྱེད་ལ་ཁག་ཐེག་ཞུ་ཆོག
སྙིང་ཉེ་བའི་ཁྱེད།ང་ལ་ལན་གཅིག་གསོན་དང་།ང་ནི་དོགས་པ་ཅན་ཞིག་ཏུ་གྱུར་བ་ཚོར་བཞིན་ཡོད།ངའི་ནང་སེམས་ཀྱི་བསམ་འདུན་ཁྱོད་ཀྱིས་མ་རྟོགས་པར།ཡོད་ཚད་སྟོང་ལྷང་ལྷང་གི་ཁང་སྟོང་འཁྱགས་པ་ཞིག་ལྟར་འགྱུར་འགྲོ་བར་སེམས་ཁྲལ་ཡོང་གིན་འདུགཁྱེད་དང་འབྲེལ་བའི་ནམ་ཟླའི་ཁྲོད་དུ།ཆད་ལྷག་གི་ང་རང་གཞི་ནས་ཧྲིལ་པོ་ཞིག་ཡིན་ཨང་།
སྙིང་ཉེ་བའི་ཁྱེད།ང་ལ་ལན་གཅིག་གསོན་དང་། སྔོན་ནས་ད་བར། ངས་གཞུང་ཞབས་པའི་ལྕགས་ཕོར་ཟངས་ཕོར་ཞིག་གི་དོན་དུ་སྤྲང་པོས་ཟས་འཐབ་བྱེད་རྒྱུ་བསམ་པའི་ངོས་སུ་དྲན་མྱོང་མེད།སྒྱུ་རྩལ་ནི་རང་དབང་གི་འཚོ་བའི་ངོས་ནས་སྨིན་ལ།དེ་བས་རང་དབང་ནི་རང་གཅུན་གྱི་འདུ་ཤེས་བར་ནས་སྐྱེས་པས། ང་ལ་དབང་བའི་ལོ་ཟླ་མཐའ་དགསྙིང་ལྟར་གཅེས་པའི་རྩོམ་རིག་དང་ལྷན་དུ་བསྐྱལ་རྒྱུ་བྱུང་ན། ཁོས་ང་ལ་དབང་བའི་ནམ་མཁའ་དྭངས་མོ་ཞིག་སྤྲད་རྒྱུར་ཡིད་ཆེས་ཡོད།ང་ཁྱེད་ལ་དགའ་བའང་དེ་བཞིན་ཏེ།ནམ་ཞིག་དགོད་སྒྲ་དང་གླུ་སྐད། དཔེ་དེབ་དང་རྩོམ་རིག བརྩེ་བ་དང་དྲོད་ཁོལ་གྱིས་ཁེངས་པའི་ང་ཚོ་ཞེས་པའི་ཐ་སྙད་ཅིག་ངེད་གཉིས་ལ་དབང་བའི་ཡིད་ཆེས་ཡོད།
སྙིང་ཉེ་བའི་ཁྱེད།ང་ལ་ལན་གཅིག་གསོན་དང་།རྩོམ་རིག་སྒྱུ་རྩལ་ནི་མེ་ཕུང་གིས་བཀླུབས་པའི་རྩྭ་ཐང་ཞིག་དང་འདྲ་བར།གཏིང་རུམ་དུ་བཅུག་པའི་སྙིང་པོ་དང་མཛེས་པ་དག་མི་དཀྱུས་མའི་སྣང་བས་རྟོགས་ཐབས་བྲལ་བ་ཞིག་ཡིན།འོན་ཀྱང་ལམ་བུ་དེ་ལ་བླ་ལྷག་ཏུ་དགའ་བའི་སྐྱེ་བོ་རེ་རེ་ནི།འཇིག་རྟེན་གྱི་འདུས་རྫས་རེ་རེར་ཚོར་བ་རྣོན་པོ་ཤ་སྟག་ཡིན་པས།ངས་ཁྱོད་ཀྱི་འཚོ་བའི་གྲུ་ཟུར་རེ་རེ་བསམ་གཞིག་གི་མཁའ་དབྱིངས་སུ་བསྐྲུན་ཡོད་ཨང་།དེ་ཡང་ངས་ཁྱོད་ལ་བཅངས་པའི་ལྷད་མེད་བརྩེ་བའི་དན་རྟགས་ཤིག་ཀྱང་ཡིན།
ཀྱེ་ཀྱེ།སྙིང་ཉེ་བའི་ཁྱེད།ང་ལ་ལན་གཅིག་གསོན་དང་།གལ་སྲིད་བདེ་སྐྱིད་ཀྱི་ཚད་གཞི་ནི་ལྷག་བསམ་ཡིན་ཚེ།ངས་སྐྱེ་བ་ད་རེས་ཀྱི་ལྷག་བསམ་ཡོད་དོ་ཅོག་ཁྱོད་ལ་ཕུལ་བས་ཆོག་གོ།