གདམས་ག་གཞན་ཞིག

སྡེ་དགེའི་གཡུ་རྣ།

《 海南报-藏文 》( 2024年11月13日 第 04 版 )

མི་ཚེའི་ཐང་ག་བྲིས་པའི་ཡུལ་ལྗོངས་དེར།།

ལོ་རྒྱུས་རི་མོ་སྔར་བཞིན་གསལ་ནས་འདུག།

འཚོ་བའི་ཁ་དོག་རླུང་གིས་གཙག་ཉིན་མོར།།

དབྱར་ཁའི་ཞོགས་པ་སྔར་བཞིན་སྡུག་བསྔལ་ཡིན།

མགོ་བོ་བསྔས་ལ་བཞག་སྟེ་གཡང་ལ་ལྕེབས།།

རྨི་ལམ་སེམས་ལ་འཆར་ནས་ཞེ་ལ་ལྷུང་།།

སྣང་བའི་ཁམས་སུ་གློད་པའི་གྲི་གཟུགས་དག།

ཉི་ཟླ་བགྲོད་པའི་དབྱིངས་ནས་རྒྱང་དུ་ཡལ།།

སྲོད་ཀྱི་མུན་པས་ལག་བརྡ་བཏང་ཞོར་དུ།།

རླུང་བུ་མཁའ་མཐའ་གཞོམ་པའི་སྒང་དུ་ཆས།།

འཁྲུལ་སྣང་བརྩེགས་མར་རྒྱུ་བའི་གཞལ་ཡས་ནས།

བུ་མོ་དྲན་པའི་མིག་མདངས་རྒྱང་དུ་བསྲིངས།།

སེམས་འགྱུ་སྐད་ཅིག་རེ་རེའི་ཕར་ལོགས་ནས།།

ངེས་མེད་འཁྲུལ་གྱི་རྣམ་རྟོགས་ཆར་བཞིན་ཉིལ།།

སྐྱོ་བའི་གཏིང་རུམ་སིམ་པའི་སྡུག་ཡུས་དག།

ཞེ་འདང་མཁའ་ལ་བཏེགས་ནས་རུམ་ལ་བཅུག།

སྐྱོ་བ་འདྲུད་པའི་མེ་ཏོག་རླུང་གིས་ཁུར།།

བདས་པའི་མིག་ཟུང་རེ་གཉིས་ཆུ་ལ་སྐྱོར།།

ངོ་འབག་བཞིན་དུ་གདོང་ལ་འབྱར་བ་དེ།།

བྱུ་རུའི་ལན་ཚར་མངའ་བའི་མདངས་ལྡན་མ།།

དཀར་གསལ་སེམས་ཀྱི་མེ་ལོང་དམར་པོའི་ངོགས།

དུང་བའི་གཞས་ཆུང་དེ་དག་གསལ་ལམ་ལམ།།

མགོ་བོ་གུག་པའི་སྡོང་ལོ་ཁེར་རྐྱང་ཡང་།།

སྲོད་ཁའི་རླུང་དང་སྦྲན་པས་གདུང་བར་གྱུར།།

ཆར་ཞོད་ཁྲོད་ནས་བྱེའུ་ཆུང་མཁའ་ལ་རྩེན།།

མཁྲིས་ཀྱི་སྡོང་ལོ་དེ་དག་དབྱིངས་སུ་བསྐྱོམས།།

མེ་ཏོག་སྒྲུག་པའི་སྦྲང་མ་ཆ་གཅིག་དེ།།

དགུན་རླུང་ཙག་དང་འདྲེས་པས་འཇིལ་བར་བྱས།

རྨི་ལམ་ཟ་ཟི་འཁྲུགས་པའི་ནམ་ཕྱེད་ཀྱི།།

སྒེའུ་ཁུང་ངོགས་སུ་འབྱར་བའི་ཕྱེ་ལེབ་དག།

རྟ་བདུན་འོད་དང་བཅས་སྟེ་མཁའ་ལ་འཕུར།།

ཟེར་མ་རླུང་དང་འགྲོགས་ནས་དགུང་དུ་ཆས།།