རང་མཚང་རྗེན་པར་འདྲུ་བ་རྨ་ཐོག་ཚྭ་འདེབས།ཞར་བཀོད་གཅིག()

གུ་རུ་རྒྱལ་མཚན།

《 海南报-藏文 》( 2024年11月13日 第 04 版 )

དམངས་གཙོའི་ཞབས་ཟུང་སྡོམ་ལ་བྲེལ་བྲེལ་དུ་རེམས་ཤིང་།།

རིགས་ཞེན་གསེར་ཐང་གཞོམ་ལ་ཧལ་ཧལ་དུ་འཇུག་པ།།

ཟབ་མཐུན་ཆིག་དྲིལ་གཏོར་ལ་ངར་ངར་གྱིས་མཆོངས་པ།།

ཕྱི་ཐག་བྱེ་མའི་ཁང་བཟོར་འདུར་འདུར་དུ་ཐིམས་པ།།

རང་ཚིས་སྒྱེ་མོ་འགེང་བར་ཉུལ་ཉུལ་དུ་འཁྱམས་ཤིང་།།

གཞན་སྐྱོར་རོགས་དན་ཕྲན་བུར་བཀྱེད་བཀྱེད་དུ་བལྟ་བ།།

འཕྱས་དགོད་དུག་མཚོན་ཕྱར་ལ་ངར་ངར་དུ་བགྲད་པ།།

འུད་ཤོམ་ཧམ་པའི་སྡང་མིག་ཆེ་ཆེ་རུ་བགྲད་པ།།

ཁེ་འབྱོར་ལས་གང་བགྱི་ལ་གྲུང་གྲུང་དུ་འབད་ཅིང་།།

སྤྱི་ཕན་ཏིལ་འབྲུ་ཙམ་ཡང་འཛོལ་འཛོལ་དུ་བསྒྲུབས་པ།།

དུས་རབས་གསར་རྙིང་མཚམས་ན་འཐོམ་འཐོམ་དུ་ལུས་པ།།

རིགས་ཞེན་བྱ་སྤུའི་རང་བཞིན་ཕྱོགས་ཕྱོགས་སུ་ཁུར་བ།།

རང་གཅུན་བློ་ཡི་འཁོར་རྒྱ་དོག་དོག་ལས་མེད་ཀྱང་།།

རང་སྣང་རྟོག་བཟོའི་འཇིག་རྟེན་མཚར་མཚར་དུ་བསྐྲུན་པ།།

རང་བློས་མི་དཔྱོད་བམ་བཤད་འཛེར་འཛེར་དུ་སྨྲ་བ།།

རང་མཐོ་ཁྲོན་ཞབས་སྦལ་བ་འཕར་འཕར་གྱིས་ལྡིང་བ།།

ཟབ་མོ་ཆོས་གནད་འཆད་ལ་ལྡབ་ལྡིབ་ཏུ་འཐོམས་ཤིང་།།

དོན་ཆུང་ཐ་སྙད་བསྒྲུགས་ལ་མཁས་མཁས་སུ་འཁྲབ་པ།།

ཟེ་འཐེན་ལྟག་སྒོ་འཛུལ་བར་རིག་རིག་ཏུ་ཕྱོགས་པ།།

སྐྱིད་འདོད་སླ་འཆོས་མགྲིན་པ་རིང་རིང་དུ་བསྲིངས་པ།།

ཕྱི་ཡི་ཚུལ་ལུགས་འཇའ་ཚོན་མཛེས་མཛེས་སུ་མཐོང་ཡང་།།

ནང་གི་མྱོང་གོམས་སྨིག་རྒྱུ་མག་མོག་ཏུ་སྣང་བ།།

ལག་ལེན་ཞ་འཐེང་རྐང་བ་གྱོལ་གྱོལ་དུ་འགྲོ་བ།།

ཤེས་མེད་ཡོན་བྲལ་སྐད་ཆ་སྦོམ་སྦོམ་དུ་སྨྲ་བ།།

མཐོན་པོའི་དྲུང་དུ་སྡར་ཉམས་ཞུམ་ཞུམ་དུ་བཏོད་ཅིང་།།

མཉམ་པོའི་གུད་དུ་སྣང་མགུར་བན་བུན་དུ་བསྐྱོར་བ།།

གཉོམ་པོའི་གམ་དུ་སྒྲོབ་ཉམས་ཚིམ་ཚིམ་དུ་སྟོན་པ།།

ཚུགས་མེད་ལྕང་རློན་ཟམ་པ་ཡོམ་ཡོམ་དུ་གཡོ་བ།།

འདྲ་མཉམ་དྲང་བདེན་ཆུ་བོ་བཞུར་བཞུར་དུ་ལབ་ཀྱང་།།

རང་དོན་མ་རྩ་རྡོ་བ་སྒྲུག་སྒྲུག་ཏུ་བགྱིད་པ།།

ཕྱི་དུལ་ནང་རྩུབ་དུག་ཚེར་འཛིང་འཛིང་དུ་སྐྱེས་པ།།

ཟན་འཕྲོག་ཧམ་ཐོབ་རྒྱུ་མ་འགུལ་འགུལ་འདི་སྐྱོ་བ།།

གནས་ལུགས་བདེན་པར་མི་གཟུ་ཡོན་ཡོན་དུ་འཇུག་ཅིང་།།

རྒྱུ་འབྲས་བློ་མིག་མི་བསྲུང་ཆལ་ཆོལ་དུ་བསྒྲུབས་པ།།

རྩིས་ཐང་དོན་རྩ་མི་གཉེར་གྱ་གྱུ་རུ་འཛིན་པ།།

ཡ་མ་གཟུགས་ཀྱི་གཤིས་སྤྱོད་རྗེན་རྗེན་དུ་མངོན་པ།།

བབ་ཅོལ་ཟེར་སྒྲོས་ཁ་ནས་ཐོལ་ཐོལ་དུ་བྱོ་ཞིང་།།

དབྱེན་སྦྱོར་སོལ་ནག་དྲི་མ་ཐོམ་ཐོམ་དུ་འཐུལ་བ།།

ཕུགས་ཐུང་གཡོ་སྒྱུའི་བྲག་ཅ་སང་སིང་དུ་སྒྲོག་པ།།

ནུས་མེད་ཕྲག་དོག་མེ་སྟག་ལམ་ལམ་དུ་མཆེད་པ།།རང་ལ་གདམས་པའི་ཆིག་མགུར།

རིག་པ་ཡི་གནས་གང་ལ།

འདི་ལ་ནི་འདི་སྐད་དང་།

དེ་ལ་ནི་དེ་སྐད་ཅེས༎

ཁ་ཚོན་ནི་གཅོད་པ་ལ༎

འཐུས་ཤོར་གྱི་སྐྱོན་མངའ་ལ༎

ནང་འགལ་གྱི་དྲི་བདོག་པས༎

ཡིད་སེམས་ཀྱི་མཚོ་འཇིངས་སུ༎

མནོ་བསམ་གྱི་རྣོ་ལྕགས་གཟིངས༎

གཏོང་ཤེས་འདི་ཀུན་ཏུ་གཅེས༎

བེམ་གཟུགས་ཀྱི་ཐ་སྙད་འགའ༎

རྡོ་ཆག་ལྟར་གུང་བསྒྲིགས་ཏེ༎

དཔྱོད་ཤེས་ཀྱི་གཡུལ་ས་རུ༎

ཆེ་ལུགས་ཀྱིས་འཐབ་འདི་ཕངས༎

ཤེས་སྟོང་གི་རལ་གྲི་གང་༎

འུད་སྒྲོག་གིས་གནམ་འགེངས་ཀྱང་༎

རིག་བརྡར་གྱི་གཡུལ་འགྱེད་དུ༎

དགྲ་འཇོམས་ཀྱི་རྣོ་དབལ་རྟུལ༎

ཐོས་ཉུང་གི་ཁུར་མོང་དེ༎

ཕས་རྒོལ་གྱི་འཚུབ་རླུང་གིས༎

འཁུར་བ་ལ་ཉེན་ཆེ་བས༎

བརྩན་བརླིང་དེ་ནམ་ཞར་གལ༎

གཞུང་ལུགས་ཀྱི་ཆུ་གཏེར་དུ༎

འཇུག་པ་ཡི་བློས་སྟོངས་ཏེ༎

གུ་དོག་གི་མཚེའུ་རུ༎

མག་མོག་གི་རྡེའུ་འཐུ་མཚང་༎

ཟེར་སྒྲོས་ཀྱི་རླུང་ཡན་ལ༎

རྟོན་པ་མིན་རང་མདོག་སྟོན༎

ཁ་འཐབ་ཀྱི་གབ་ཚིག་ལ༎

དུས་ཟད་ཀྱིས་རྩོད་འདི་ཐན༎

ཀུན་རྫོབ་ཀྱི་བདེན་པ་ཡིས༎

སྣང་ཡུལ་གྱི་མུན་བསང་སྟེ༎

བློས་དཔོག་གི་མཁའ་ཡངས་ན༎

བདེ་སྣང་གི་གཤོག་གར་བསྒྱུར༎

ཁ་དྲག་གི་ཚིག་རྡུམ་གྱིས༎

གཟུ་གཏམ་དེ་མིད་བྱས་ཏེ༎

འཁྱུག་ཙམ་ལ་ཞུམ་ཞུམ་བཟོས༎

དེ་ཡུན་དུ་སྒྲོས་ཉམས་སྟོན༎

ལས་གང་ཡང་ཕུགས་རིང་སོམས།།

འཕྲལ་ཙམ་དུ་བློ་མ་སྔ།།

གང་བགྱིས་པའི་དོན་བྱ་ཉིད།།

ཀླུང་ཆེན་ལྟར་ཡུན་རིང་སྒྲུབས།།

མང་མང་གི་བཤད་སྒྲོས་གང་།།

བདེན་ངེས་པ་སོམ་ཉིའི་གནས།།

གོང་མ་ཡི་ན་བཟའ་བཞིན།།

བསམ་ཤེས་ན་གད་མོ་བྲོ།།