ཀན་སུའུ་དང་མཚོ་སྔོན་གྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་འཇུ་ལག་ཆུ་བོར་སྲུང་སྐྱོང་བྱེད་པའི་མཐུན་སྦྱོར་ལམ་སྲོལ་བཙུགས་པ།

《 海南报-藏文 》( 2024年11月13日 第 03 版 )

ཉེ་ཆར།ཀན་སུའུ་དཔའ་རིས་བོད་རིགས་རང་སྐྱོང་རྫོང་ཞིབ་དཔྱོད་ཁང་དང་།ཡུང་ཏེང་རྫོང་ཞིབ་དཔྱོད་ཁང་།མཚོ་སྔོན་ཞིང་ཆེན་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་ཞིབ་དཔྱོད་ཁང་བཅས་ཀྱིས《རྨ་ཆུའི་ཆུ་ལག་འཇུ་ལག་ཆུ་བོ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་གི་སྤྱི་ཕན་གཏུག་བཤེར་མཐུན་སྦྱོར་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་བསམ་འཆར(ཚོད་ལྟའི་ལག་བསྟར)》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)ལ་མིང་རྟགས་བཀོད་ཡོད།

《བསམ་འཆར》ནང་། འཇུ་ལག་ཆུ་བོ་རྒྱུག་ཁུལ་ལ་འཕྲད་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ཆུའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད། འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་སོགས་ཀྱི་གནད་དོན་ལ་དམིགས་ཏེ་མཉམ་འབྲེལ་ཚོགས་འདུ་དང་།གྱོད་དོན་གྱི་ཁུངས་སྣེ་སྤྲོད་པའི་ཚུར་ལན་བསམ་འཆར།གྱོད་དོན་སྒྲུབ་གཉེར་དང་མཉམ་ལས།ཆེད་དོན་བྱེད་སྒོའི་མཐུན་སྦྱོར་བྱ་སྤྱོད། གྱོད་དོན་གལ་ཆེན་ལ་གྲོས་བསྡུར། ཆ་འཕྲིན་གྱི་ཐོན་ཁུངས་མཉམ་སྤྱོད།བགྲོ་གླེང་སྤེལ་རེས་མཉམ་ལས་བཅས་ལམ་སྲོལ7འཛུགས་རྒྱུ་དང་། ས་གནས་གསུམ་གྱིས་འགན་འཁྲི་ལག་བསྟར་བྱེད་རིང་གི་ཞིབ་ཕྲའི་བྱ་སྤྱོད་ལ་དམིགས་ཏེ་བརྟག་དཔྱད་དཔང་ལེན་དང་།ཆེད་དོན་སྐོར་ཞིབ།ལས་སྒོ་བགྲོ་གླེང་སོགས་ཀྱི་ཐད་ཕན་ཚུན་མཐུན་སྦྱོར་གཞོགས་འདེགས་དང་ཐོན་ཁུངས་བརྗེ་རེས་མཉམ་སྤྱོད་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

འཇུ་ལག་ཆུ་བོའི་ཆུ་འགོ་ནི་མདོ་ལ་རིང་མོའི་རི་རྒྱུད་ཀྱི་ཤར་རྒྱུད་དུ་གནས་པ་དང་།ཆུ་གཞུང་ཨ་མའི་རིང་ཚད་ལ་སྤྱི་ལེ560ལྷག་ཙམ་ཟིན་ནས།མཚོ་སྔོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན་བརྒྱུད་ནས་རྒྱུག་པས།རྨ་ཆུའི་རིམ་གཉིས་ཡན་ལག་ཆུ་བོ་གལ་ཆེན་ཞིག་ཡིན་པ་མ་ཟད།རྨ་ཆུའི་ཆུ་རྩ་གསོ་ཁུལ་དང་རྨ་ཆུའི་ཆུ་མགོའི་སྐྱེ་ཁམས་མ་ལག་སྙོམས་སྒྲིག་ལ་ནུས་པ་མངོན་གསལ་དོད་པོ་ཐོན་བཞིན་ཡོད།མདོ་ལ་རིང་མོའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་སྲུང་བ་དང་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ནུས་པ་གལ་ཆེན་ཡང་ལྡན་ཡོད།(ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར།)