ཞོགས་པ།
ལྗོན་རྩེར་འདབ་ལོ་འཛུམ་པའི་འཇོ་སྒེག་གིས།།དཔྱིད་ཀྱི་ལང་ཚོ་འཁུར་བའི་བཞིན་ཁྱིམ་ནས།།སྣང་བའི་རྩེད་དགའ་དགྱེས་པའི་ཞོགས་པ་འདི།།ཡིད་ཀྱི་བསུང་ཞིམ་འཁྱིལ་བའི་མཛེས་པ་ཡིན།།འཇམ་ཐིང་ཁོར་ཡུག་འོད་ཀྱི་འཕྱོར་ལྭས་སྤུད།།ལྗང་བུའི་ན་ཚོད་ཆར་ཟིམ་བདེ་དགས་འཁྱུད།།ལྷུང་ལྷུང་དབྱངས་རྟས་སྒུལ་བའི་ཞོགས་པ་འདི།།གཙང་ཆབ་སྔོན་མོ་དགྱེས་པའི་སེམས་རྟེན་ཡིན།།ཟླ་བའི་བསིལ་འཇམ་སྙིང་གཏམ་ལག་པར་འཁྱུད།།དྲན་ངོགས་སྒེའུ་ཁུང་བརྩེ་འཛུམ་འོད་ཀྱིས་བརླན།།མཛའ་དུང་སེམས་སྒྲས་བསྣན་པའི་ཞོགས་པ་འདི།།སྙིང་ཆུང་འོ་མཚོས་བལྟམས་པའི་ཁྲེལ་གཞུང་ཡིན།།སྐྱེད་ཚལ་དགའ་མའི་གདོང་འཛུམ་མེ་ཏོག་མངོན།།སྤང་རིའི་གཟི་མདངས་གཡུ་ལྗང་གོས་ཀྱིས་འཕྱོར།།ཁུ་བྱུག་གསུང་དབྱངས་འཐེན་པའི་ཞོགས་པ་འདི།།དཔྱིད་དཔལ་མཛེས་སྡུག་འཕྱོར་བའི་བསུ་མ་ཡིན།།དབྱངས་གསལ་སྣང་བའི་ཞལ་ཁྱིམ་རྫིང་བུ་ལས།།སྙན་ཚིག་པདྨོའི་གཞོན་ལུས་འདབ་བསྲིངས་པའི།།འཆར་སྣང་དགའ་ཚལ་འཕེལ་བའི་ཞོགས་པ་འདི།།རིག་སྤོབས་ཉི་གཞོན་གསལ་བའི་འབོད་བརྡ་ཡིན།།