དྲན་པའི་སྐྱོ་གླུ།


གྲང་རླུང་ལྷག་ཏུ་ཆེ་བའི་སྨག་ནག་གི་མཚན་མོར།།

མི་འདོད་ཙག་ཁ་རྒོད་པོ་མཚམས་མེད་དུ་ལྡང་ན།།

བློས་འཁེལ་ཁོ་བོར་བཅོལ་བའི་སྙིང་གྲོགས་ཀྱི་ཕྱོགས་སུ།།

དྲན་པའི་སྣང་བ་འདི་ལ་གཤོག་པ་ཞིག་ཐོགས་འགྲོ།

ཁ་བའི་འདབ་མ་རེ་རེ་བྲང་གཞུང་ལ་བབས་ཤིང་།།

མུན་པའི་ལག་པ་ཟུང་གིས་བྱིལ་བྱིལ་འགའ་བྱེད་དུས།།

སེམས་ལྡན་གང་གིས་དམ་པོར་འཁྱུད་པ་རང་མིན་མོད།།

དྲན་གདུང་མཆི་མའི་ཕྲེང་ཐག་དབང་མེད་དུ་འཐོར་འགྲོ།།

སྨྲེང་བའི་སྐྱོ་གླུ་ཡི་གེའི་རང་གཟུགས་ལ་ཕབ་སྟེ།།

ཐག་རིང་ས་མཐའི་ཡུལ་ནས་ལོ་ཟླ་འདི་བསྐྱལ་ཚུལ།།

དཔྱོད་ལྡན་ཆོས་པས་བསམ་ན་དེ་ག་ཙམ་ཡིན་ཡང་།།

མྱོང་བ་གཅིག་པའི་མི་ཚོས་དབུགས་རིང་ཞིག་འཐེན་ངེས།།

སོས་དལ་རང་གཤིས་འཇམ་པོའི་ཕྱི་ནང་ཀུན་ཁྱབ་ཅིང་།།

དྭངས་གཙང་ཞལ་རས་འཛུམ་པའི་ཉམ་དགའ་བའི་རྣམ་འགྱུར།།

ཆུང་ལ་སྙི་བའི་སེམས་པའི་དྲན་ངོས་ལ་ཞགས་པ།།

རུས་དང་རྐང་ལ་ཟུག་པའི་ཟློས་གར་གྱི་ཐོག་མ།།

སྙན་འགྱུར་དབྱངས་ཀྱི་རླབས་ཕྲེང་རྣ་བ་ལ་བཞག་ནས།།

གཉོམ་དུང་སེམས་ཀྱི་རང་བཞིན་བག་ཕེབས་ལ་འབད་ཀྱང་།།

བྲལ་བའི་ན་ཟུག་དྲན་པའི་མེ་ལོང་ལ་ཤར་ན།།

སོས་དལ་རྒྱ་ཡི་རྙི་ལས་སེམས་པ་འདི་ཤོར་འགྲོ།

ལོ་ཟླའི་ཁུག་སོར་བྲན་པའི་འདས་སོང་གི་གླུ་ཆུང་།།

ཉི་ཤུའི་རི་སྒང་འདི་ནས་ཡང་བསྐྱར་དུ་ལེན་ཞོར།།

སྔོན་ལས་བཟང་ངན་གང་གིས་འཛོམས་སོང་བའི་འུ་གཉིས།།

བསམ་ན་དགའ་སྐྱོ་འདྲེས་མའི་སྣང་བ་ཞིག་འཆར་འོང་།།