- 放大
- 缩小
- 默认
ལོ་གསར་གུང་གསེང་སྐབས་མཚོ་སྔོན་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི316.07སྣེ་ལེན་བྱས་པ།
《 海南报-藏文 》( 2026年03月04日 第 03 版 )
རང་ཚགས་པར་གྱི་འཕྲིན།ལོ་གསར་གུང་གསེང་སྐབས་སུ། ཞིང་ཆེན་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི316.07ལ་སྣེ་ལེན་བྱས་ཤིང་།ཡུལ་སྐོར་གྱི་འགྲོ་གྲོན་བསྡོམས་པས་སྒོར་དུང་ཕྱུར42.06ཟིན།ཁྱོན་སྒོར་ཁྲི101.2ཡི་ཡུལ་སྐོར་འཛད་སྤྱོད་བྱང་བུ་བཀྲམས་ཏེ། ཐད་ཀར་འཛད་སྤྱོད་སྒོར་ཁྲི415.3སྐུལ་ཁྲིད་བྱས་པ་དང་། གཞན་བརྒྱུད་འཛད་སྤྱོད་སྒོར་ཁྲི2900སྐུལ་ཁྲིད་ཐུབ་ནས་ཡུལ་སྐོར་འཛད་སྤྱོད་བྱེད་ཤུགས་ཇེ་ཆེར་དང་ཞབས་ཞུའི་སྤུས་ཚད་མཐོར་འདེགས། ཁྲོམ་རའི་སྒྲིག་ལམ་གོ་རིམ་ལྡན་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་པ་མ་ཟད།མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བཏོད་པའི་སྒུལ་ནུས་ཆེན་པོ་གང་ལེགས་ཀྱིས་མངོན་པར་བྱས་ཡོད།
ལོ་གསར་གུང་གསེང་སྐབས་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་རར་འདུ་འཛི་ཆེ་ཞིང་།འཁྱགས་རོམ་སྐྱེ་ཁམས་ཡུལ་སྐོར་དང་།དམངས་ཁྲོད་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཡུལ་སྐོར། མཐོ་སྒང་ལྗོངས་ཕྱིའི་ཡུལ་སྐོར་བཅས་བརྗོད་བྱ་གཙོ་བོ་གསུམ་ལ་ཡུལ་སྐོར་བས་དགའ་བསུ་ཆེན་པོ་ཐོབ།ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཀྱིས་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་དང་། མཛེས་ལྗོངས་ཁུལ་གཙོ་བོས་སྐུལ་ཁྲིད། འབྲེལ་ཡོད་ཐོན་ལས་ཀྱིས་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་རྣམ་པ་སྣ་མང་ཅན་མངོན་ཡོད།
འཁྱགས་རོམ་ཡུལ་སྐོར་དེ་ལོ་གསར་གུང་གསེང་སྐབས་ཆེས་དགའ་བསུ་ཐོབ་སའི་ལྗོངས་ཁུལ་དུ་གྱུར་ཡོད་ལ། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་འཁྱགས་རོམ་གྱི་ངོ་མཚར་བའི་མཛེས་ལྗོངས་ལ་བརྟེན་ནས་ཡུལ་སྐོར་ས་ཁུལ་གྱི་གནས་ཐིག་གལ་ཆེན་ཞིག་བསྐྲུན་ཏེ།འཁྱགས་རོམ་ཉམས་ལེན་དང་སྐྱེ་ཁམས་ཡུལ་སྐོར་ཐོན་རྫས་ལ་ཡུལ་སྐོར་བ་ཚོས་དགའ་བསུ་ཆེན་པོ་ཐོབ་ནས།ལོ་གསར་གུང་གསེང་སྐབས་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་མི་ཁྲི6ལས་བརྒལ་བ་རེད།མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གངས་དཀར་རི་བོའི་མི་ཚེའི་གངས་རི་ཐོག་མ་ཞེས་པའི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ལ་བརྟེན་ནས། མཐོ་སྒང་གི་དགུན་དུས་འདིར་ཡུལ་སྐོར་པ་མི་ཐེངས་ཁྲི8.1སྣེ་ལེན་བྱས་པ་རེད།
ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གིས་སྤྱི་པའི་རིག་གནས་ཞབས་ཞུ་དང་དམངས་ཕན་རིག་རྩལ་འཁྲབ་སྟོན།གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་ལག་ལེན།རིག་གནས་རོལ་རྩེད་མྱོང་རོལ།ཡུལ་སྐོར་འཛད་སྤྱོད།རིག་གནས་དངོས་མང་འགྲེམས་སྟོན་སོགས་བརྗོད་དོན་གཙོ་བོའི་བྱ་འགུལ་ཁག་བདུན་དང་རིགས554བཀོད་སྒྲིག་བྱས་ཏེ།མང་ཚོགས་དང་ཡུལ་སྐོར་པའི་དུས་ཆེན་གྱི་རིག་གནས་འཚོ་བ་རྒྱུན་མི་ཆད་པར་ཕུན་སུམ་ཚོགས་པོར་བཏང་ནས་དུས་ཆེན་གྱི་རྣམ་པ་བཟང་པོ་ཞིག་བཏོད་པ་རེད།མཚོ་སྔོན་ཞིང་ཆེན་རིག་གནས་ཁང་གིས་དར་གོས་ལག་རྩལ་དང་ལག་བཟོས་ལྒང་ཞུ། ཤོག་དྲས་རི་མོ། ཁ་ཧྥེ་འཐག་པ་སོགས་མཉམ་འགུལ་ཉམས་ལེན་གྱི་བྱ་འགུལ་སྤེལ་ཞིང་། ཟི་ལིང་གྲོང་ཁྱེར་གྱིས་རྨ་ཆུ་དང་ཙོང་ཆུའི་རིག་གནས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གློག་སྒྲོན་འགྲེམ་སྟོན་དང་། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་སླར་ཡང་ཕ་ཡུལ་ལ་བལྟ་བ་ཞེས་པའི་གཟུགས་འདས་ཤུལ་བཞག་རིག་གནས་ལས་ཀྲུང་གོའི་ལོ་གསར་གྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། མེ་ཏོག་གི་གློག་སྒྲོན་དང་རྒྱ་འཆམ། གཟུགས་འདས་ཤུལ་བཞག་རིག་གནས་ལྕགས་བཞུ་པ་སོགས་དམངས་སྲོལ་རིག་གནས་ཀྱི་བྱ་འགུལ་རྒྱུན་མཐུད་ངང་སྤེལ་ཞིང་།ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གི་རྟེན་མཛོད་ཁང་གིས་སྤྱི་པའི་རིག་གནས་ཞབས་ཞུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྟེན་མཛོད་ཁང་ནས་གནམ་ལོ་གསར་པར་རོལ་ཞེས་པའི་བྱ་འགུལ37རིམ་བཞིན་སྤེལ་བས།ཡུལ་སྐོར་པ་མི་ཐེངས་ཁྲི5.03སྣེ་ལེན་བྱས་པ་རེད།།