- 放大
- 缩小
- 默认
སྐུ་འབུམ་ར་ཁོ་སྡེ་བདུན་གྱི་ཙོང་ཁའི་སྲོལ་རྒྱུན་མི་རིགས་རྒྱན་གོས་རིག་རྩལ་འཁྲབ་སྟོན་དེ་འཛམ་གླིང་གི་ཟིན་ཐོ་བསྐྲུན་པར་ངོས་འཛིན་བྱས་པ།
《 海南报-藏文 》( 2026年03月04日 第 03 版 )

ཟླ2པའི་ཚེས26ཉིན། ཧོང་ཀྲུང་ཆུས་ལམ་ལུང་གྲོང་རྡལ་ར་ཁོ་སྡེ་བདུན་གྱི་ཡུལ་མི་རྣམས་ཀྱིས་ལུས་ལ་སྲོལ་རྒྱུན་གྱི་གྱོན་གོས་དང་རྒྱན་ཆ་བཏགས་ནས་ཤོམ་འགྲོ་དང་རིག་རྩལ་འཁྲབ་སྟོན་གྱི་བྱ་འགུལ་སྤེལ། ཐེངས་འདིའི་བྱ་འགུལ་ལས་སྡེ་བའི་རྒན་དར་གཞོན་གསུམ་གྱིས་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་གྱི་གོན་པ་གྱོན་སྟངས་དང་རྒྱན་ཆ་འདོགས་ལུགས།དེ་མིན་གླུ་དང་གར་སོགས་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པར་ཤུགས་བསྣན་ཏེ། ཀྲུང་ཧྭའི་རིག་གནས་ཀྱི་བང་མཛོད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད།
ལམ་ལུང་གྲོང་རྡལ་ར་ཁོ་སྡེ་བདུན་ནི་བོད་པའི་སྲོལ་རྒྱུན་རིག་གནས་ཀྱི་རྫོངས་མཐུག་པའི་ཚོ་བ་ཞིག་ཡིན་ལ། མི་རབས་ནས་མི་རབས་བར་རང་ས་གནས་ཀྱི་གོམས་སྲོལ་དང་ཆ་ལུགས་རྒྱུན་འཛིན་བྱས་ཡོད་པར་མ་ཟད། ཐུན་མོང་གིས་རྩ་འཛུགས་བྱས་ཏེ་ལོ་རེ་རེའི་ལོ་སར་གྱི་སྐབས་སུ། སྡེ་བའི་རྒན་དར་གཞོན་གསུམ་ཚང་མ་མཉམ་དུ་འཛོམས་ནས་གླུ་དང་གར་ལ་རོལ་བ་དང་། གཟབ་མཆོར་སྤྲས་ཏེ་ཤོམ་འགྲོ་བྱེད་པ་སོགས་རིག་རྩལ་གྱི་བྱེད་སྒོ་ཕུན་སུམ་ཚོགས་པ་ཞིག་སྤེལ་བཞིན་ཡོད།
ཟླ2པའི་ཚེས26ཉིན་གྱི་སྔ་དྲོའི་དུས་ཚོད9སྟེང་། སྡེ་བ་བདུན་ནས་ཐོན་པའི་འཁྲབ་སྟོན་མི་སྣ་དག་གིས་རྩ་འཛུགས་ཡོད་པ་དང་གོ་རིམ་ལྡན་པའི་ངང་ཙོང་ཁའི་ཡུལ་གྱི་ཁྱད་ཆོས་ལྡན་པའི་གཟབ་མཆོར་སྤྲས་ཏེ་ཁྲོམ་སྲང་དུ་ཤོམ་འགྲོ་བྱས་པར་མ་ཟད།ར་ཁོ་རིག་གནས་ཐང་ཆེན་དུ་སྐོར་བྲོའི་འཁྲབ་སྟོན་ཡང་བྱས། སྐབས་དེར་འཛམ་གླིང་ཟིན་ཐོ་ངོས་འཛིན་ལས་ཁུངས་ཀྱི་ལས་བྱེད་མི་སྣ་ཡུལ་དངོས་སུ་ཡོང་སྟེ།“གཞི་ཁྱོན་ཆེས་ཆེ་བའི་ཙོང་ཁའི་སྲོལ་རྒྱུན་མི་རིགས་རྒྱན་གོས་ཀྱི་འཁྲབ་སྟོན”དེས་འཛམ་གླིང་གི་ཟིན་ཐོ་བསྐྲུན་པར་ངོས་འཛིན་བྱས།
ཙོང་ཁའི་སྲོལ་རྒྱུན་མི་རིགས་རྒྱན་གོས་ནི་རྗེ་ཙོང་ཁ་པ་ཆེན་པོའི་འཁྲུངས་ཡུལ་ནས་དར་བ་དང་། མདོ་སྨད་ས་ཆའི་ཐུན་མོང་མ་ཡིན་པའི་དམངས་སྲོལ་གྱི་རྒྱན་གོས་རིག་གནས་འདི་ཉིད་མཚོ་སྔོན་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གྲས་སུ་ཚུད་ཡོད་པར་མ་ཟད།ཀྲུང་ཧྭའི་མི་རིགས་སོ་སོའི་རིག་གནས་མཉམ་འདྲེས་ཀྱི་བདེན་དཔང་གལ་ཆེན་ཞིག་ཏུ་གྱུར་ཡོད།
(ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།)