མཚོ་ལྷོ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་བདུན་པ་རྒྱལ་ཁའི་ངང་མཇུག་བསྒྲིལ་བ།

《 海南报-藏文 》( 2026年02月11日 第 01 版 )

རང་ཚགས་པར་གྱི་འཕྲིན། ཟླ2པའི་ཚེས8ཉིན།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་བདུན་པའི་གྲོས་རིམ་ཁག་ཡོངས་སུ་ལེགས་འགྲུབ་བྱུང་སྟེ།ཁུལ་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁའི་ངང་མཇུག་བསྒྲིལ།

གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི247ཡོད་པ་དང་།དངོས་སུ་ཞུགས་པའི་འཐུས་མི219ཡོད་པས།ཁྲིམས་བཀོད་མི་གྲངས་དང་མཐུན།

གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་ཞུང་ཡོན་ལའེ་དང་མཱ་ཅན་ཧུང་།ཧྥན་རུན་ཡོན།གསེར་མཚོ།དཔལ་ལྡན།ཀེང་ཁྲེང་ཧྲེང་།ཏིང་རུའེ་དབྱི།མཱ་ཧྲའོ་ཧྥུའུ།མཁས་ཆེན་དོན་འགྲུབ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།མཱ་ཅན་ཧུང་གིས་ཚོགས་ཆེན་ལ་མགོ་འཛིན་བྱས་ནས་གཏམ་བཤད་གནང་།

ཁུལ་སྲིད་གཞུང་གི་ཁུལ་དཔོན་ཀརྨ་ཕུན་ཚོགས་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚེ་རིང་།ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ།ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རྣམས་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད།

གྲོས་ཚོགས་ལས་སྤྱིའི་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་མིང་ཐོར་གྲོས་འཆམ་བྱུང་བ་དང་།2026ལོའི་དམངས་ཚིས་དོན་དངོས་ལས་གཞི20གཏན་འཁེལ་བྱས་པ་མ་ཟད།མིང་མི་འགོད་པའི་འདེམས་ཤོག་འཕེན་ཐབས་ལ་བརྟེན་ནས་ལིའུ་ཅན་ཀྲི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ལ་བདམས་ཐོན་བྱུང་བ་རེད།

གྲོས་ཚོགས་ལས་ཁུལ་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུ་དང་།མཚོ་ལྷོ་ཁུལ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་རྩ་གནད།མཚོ་ལྷོ་ཁུལ་གྱི2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི།མཚོ་ལྷོ་ཁུལ་གྱི2025ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2026ལོའི་ནོར་སྲིད་སྔོན་རྩིས། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་།《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག(འཆར་ཟིན།)》《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མྱུར་སྐྱེལ་ཁྲོམ་རའི་དོ་དམ་སྲོལ་ཡིག(འཆར་ཟིན།)》《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་དང་གྲོང་བརྡལ་གཅིག་སྡུད་དྲོད་འདོན་སྲོལ་ཡིག(འཆར་ཟིན།)》《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆུ་མཛོད་ཁུལ་དོ་དམ་སྲོལ་ཡིག(འཆར་ཟིན།)》《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྲོལ་བརྗེ་ལུགས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུའི་སྲོལ་ཡིག(འཆར་ཟིན།)》བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།གྲོས་ཚོགས་ལས་བསྟན་དོན།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་པའི་དམངས་འཐུས་གྲོས་ཚོགས་ཐེངས་བདུན་པའི་སྟེང་།ཁུལ་ཨུ་དང་ཚོགས་ཆེན་གྱི་གནས་སྐབས་ཏང་ཨུའི་མགོ་ཁྲིད་བརྟན་པོའི་འོགའཐུས་མི་ཡོངས་དང་གྲོས་ཚོགས་སུ་ཞུགས་པའི་བློ་མཐུན་རྣམས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད།གྲོས་ཚོགས་སྐབས་འཐུས་མི་ཡོངས་ཀྱིས་འགན་འཁྲི་ཡིད་ལ་བརྟན་པོར་ངེས་པ་དང་ཁྲིམས་ལྟར་འགན་འཁྲི་བསྒྲུབས་ཏེ།ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོས་འཕེལ་རྒྱས་ཀྱི་ཇུས་གཞི་མཉམ་དུ་འདིང་བ་དང་།དམངས་ཀྱི་དོན་དུ་བརྩེ་སེམས་ཟབ་མོ་བཅངས་ནས་དམངས་འཚོའི་རེ་སྒུག་བརྒྱུད་སྤེལ་བྱེད་པ།བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་མཚོ་ལྷོའི་ལག་ལེན་གྱི་གསོན་ཉམས་དོད་པའི་རྣམ་པ་མཚོན་ལ།དཔའ་ངར་ཆེར་བསྐྱེད་དང་འབད་འབུངས་ལྷོད་མེད་ཀྱི་བསམ་པའི་རྣམ་པ་མངོན་པ་བཅས་བྱས་ཡོད།ཚོགས་ཆེན་བདེ་བླག་ངང་འཚོགས་པ་ནི་ཚང་མས་དར་ཆ་མཐོར་བསྒྲེངས་དང་སེམས་ཤུགས་གཅིག་ཏུ་བསྒྲིལ་བའི་གྲུབ་འབྲས་ཞིག་ཡིན་ལ།ཁ་ཕྱོགས་གཏན་འཁེལ་གྱིས་ཇུས་འདོན་པ་དང་སྔ་འཛིན་ཕྱི་བཏོད་ཀྱི་ཚོགས་ཆེན་ཞིག་ཀྱང་ཡིན་པས།ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དེང་རབས་ཅན་གྱི་མཚོ་ལྷོ་གསར་པའི་འཛུགས་སྐྲུན་གྱི་ཁ་ཕྱོགས་སུ་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་བསྐྱོད་པར་སྐུལ་ལྕག་ཐེབས་ངེས་རེད།

གྲོས་ཚོགས་ལས་ད་ལོ་ནི་སྐབས་འདིའི་མི་དམངས་འཐུས་ཚོགས་ཀྱིས་འགན་ནུས་སྒྲུབ་པའི་མཐའ་མཇུག་གི་ལོ་ཡིན་ལ།ལོ་བཞིའི་རིང་ལ།འཐུས་མི་ཡོངས་ཀྱིས་མི་དམངས་ལ་བརྩེ་སེམས་འཆང་བ་དང་།འགན་འཁྲི་ནན་སྒྲུབ་བྱས་ཏེ།མི་དམངས་ཀྱིས་ང་རང་འཐུས་མིར་བདམས་པ་དང་།ངས་མི་དམངས་ལ་ཞབས་འདེགས་ཞུ་བའི་བརྗིད་ཉམས་ལྡན་པའི་དམ་བཅའ་ལག་བསྟར་བྱས་ནས།ཁུལ་གྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད།འཐུས་མི་རྣམས་ཀྱིས་སྔར་བཞིན་བདེན་འཚོལ་དངོས་སྒྲུབ་དང་།སྙིང་སྟོབས་ཆེར་བསྐྱེད་ཀྱི་སྤྱོད་ཚུལ་རྒྱུན་འཁྱོངས་དང་།ཐོག་མའི་བསམ་འདུན་མི་བརྗེད་པར་མི་དམངས་ཀྱི་མངག་བཅོལ་གལ་ཆེན་ཡིད་ལ་བཅངས་ནས།སྔར་བས་སྤྲོ་སེམས་དང་ཏན་ཏིག་གི་སྒོ་ནས་བྱ་བ་ལེགས་པོར་བསྒྲུབ་སྟེ།དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བར་ནུས་ཤུགས་འདོན་དགོས།

གྲོས་ཚོགས་ལསནན་གྱི་བསྟན།ལོ་ལྔའི་འཆར་གཞི་བཅོ་ལྔ་པ་མགོ་བརྩམས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མཚོ་ལྷོའི་ལེའུ་འབྲི་མགོ་བརྩམས་བྱུང་།ཁུལ་ཡོངས་ཀྱི་མི་དམངས་འཐུས་ཚོགས་རིམ་པ་ཁག་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རིམ་པ་ཁག་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་།ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་།ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་དང་།ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ།ཁུལ་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པའི་བླང་བྱ་ལྟར།དྲིན་གཟོའི་བསམ་པ་དང་།བརྩེ་སེམས་ལྡན་པ།དངོས་དོན་སྒྲུབ་པར་མཐོང་ཆེན་བཅས་ཀྱི་འགན་འཁྲིའི་འཁུར་སེམས་བཅངས་ནས།ལོ་ལྔའི་འཆར་གཞི་བཅོ་ལྔ་པ་མགོ་ཡག་པོ་ཞིག་རྩོམ་པར་ནུས་ཤུགས་གང་ཡོད་འདོན་དགོས་ལ།མགོ་ཡག་པོ་ཞིག་བརྩམ་དགོས་ན་ངེས་པར་དུ་ལྟེ་བར་དམ་པོར་དམིགས་ནས་མདུན་བསྐྱོད་ཀྱི་ཁ་ཕྱོགས་གནད་ལ་འཁེལ་བར་བྱ་དགོས།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སེམས་ཤུགས་གཅིག་ཏུ་སྒྲིལ་བར་རྒྱུན་འཁྱོངས་བྱེད་པ་དང་།ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཐོག་མའི་སེམས་འདུན་བརྟན་པོར་གཏོང་བ་དང་ལས་འགན་ལ་སྣེ་ཁྲིད་བྱས་ཏེ།ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་།ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་བྱ་བའི་བླང་བྱ་བཅས་དམངས་ཆེན་བྱ་བའི་ཁྲོད་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་དགོས།མགོ་ཡག་པོ་ཞིག་བརྩམ་དགོས་ན་ངེས་པར་དུ་དམིགས་འབེན་གཏན་འཁེལ་བྱས་ནས་ཁྲིམས་ལྟར་རང་འགན་གཙང་སྒྲུབ་བྱ་དགོས།ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཕེལ་རྒྱས་ཀྱི་དམིགས་འབེན་གཞིར་བཟུང་ནས།ཁྲིམས་ལག་བསྟར་བཟང་པོ་བྱས་ནས་བཅོས་སྐྱོང་ལ་སྐུལ་འདེད་དང་།ལྟ་སྐུལ་ལ་ཤུགས་བསྣན་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ།སྟོབས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་དམ་པོར་དམིགས་ཏེ།ལག་ལན་ལ་ཐབས་མཆོག་དང་དོན་དངོས་ལ་ཐབས་ཇུས།འཕེལ་རྒྱས་ལ་སྟོབས་ཤུགས་བཅས་བཏོན་ཏེ།ཏང་ཨུའི་བྱ་བའི་གཙོ་གནད་གང་དུ་ཡོད་ན་དམངས་ཆེན་གྱི་བྱ་བའང་དེ་གར་ཡོད་དགོས།མགོ་ཡག་པོ་ཞིག་བརྩམ་དགོས་ན་ངེས་པར་དུ་མང་ཚོགས་ལ་ཉེ་བར་བཅར་ཏེ་དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་དགོས།མང་ཚོགས་དང་འབྲེལ་འདྲིས་གཏིང་ཟབ་བྱེད་པའི་དམངས་ཆེན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་དང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་བྱ་བ་ཧུར་ཐག་གིས་བསྒྲུབ་སྟེ།འགན་འཁྲི་དོན་འཁྱོལ་བྱེད་པའི་ཕན་འབྲས་ལ་བརྟེན་ནས་དམངས་ཀྱི་རེ་འདུན་བསྐང་དགོས།དམངས་ཆེན་འཐུས་མི་ཡོངས་ཀྱིས་འགན་འཁྲི་ཡིད་ལ་དམ་པོར་བཟུང་ནས་མི་དམངས་ཀྱི་ཆེད་དུ་ནུས་ཤུགས་གང་ཡོད་འདོན་དགོས།མགོ་ཡག་པོ་ཞིག་བརྩམ་དགོས་ན་ངེས་པར་དུ་འགན་འཁྲི་འཁུར་ནས་མཉམ་ཤུགས་འདོན་པར་འབད་པ་བྱ་དགོས།དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་ལ་ནུས་ཤུགས་བཏོན་ཏེ་དུས་རབས་གསར་པའི་གྲུབ་འབྲས་བརྩོན་ལེན་བྱེད་མཁན་ཞིག་བྱ་དགོས།རྒྱ་ཆེའི་མང་ཚོགས་ཡོངས་ཀྱིས་ཐུན་མོང་སྒོས་འབད་བརྩོན་བྱེད་པར་སྣེ་ཁྲིད་དེ།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་འཛུགས་སྐྲུན་ལ་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

ཁུལ་དུ་སྡོད་པའི་ཞིང་ཆེན་གྱི་དམངས་ཆེན་འཐུས་མི་འགའ་ཤས་དང་།ཁུལ་ཨུའི་འབྲེལ་ཡོད་པུའུ་ཨུ།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལས་ཁུངས།ཁུལ་མི་དམངས་སྲིད་གཞུང་གི་བྱ་བའི་སྡེ་ཁག་གི་འགན་འཁུར་བ།ཁུལ་སྲིད་གཞུང་གི་ཐད་གཏོགས་ལས་ཁུངས་དང་མང་ཚོགས་ཚོགས་པ་སོ་སོའི་འགན་འཁུར་བ།ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་།ཁུལ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ།ཁུལ་དུ་སྡོད་པའི་ཞིང་ཆེན་གྱི་ལས་ཁུངས་དང་ཁུལ་གྱི་ཁེ་ལས་ཁ་ཤས་ཀྱི་འགན་འཁུར་བ།ཤང་དང་གྲོང་བརྡལ་སོ་སོའི་དམངས་ཆེན་ཀྲུའུ་ཞི་ཚོགས་པའི་ཀྲུའུ་ཞི་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།

ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་མཇུག་བསྒྲིལ་བ་རེད།།