- 放大
- 缩小
- 默认
སྙིང་ལ་གཟན་པའི་ངུ་སྐད།
ཕུན་ཚོགས་བཀྲ་ཤིས།༼ཐུན་ཏེ།༽
《 海南报-藏文 》( 2025年12月24日 第 04 版 )
མི་ཚེའི་འགྲུལ་བཞུད་ཀྱི་ལམ་ཐིག་རེ་རེ་ནི་གང་ལ་འཐེན་ཡོད་པ་མི་ཤེས་པར་ལམ་གྱི་ཀྱག་ཀྱོག་དང་རིང་ཐུང་གང་ཞིག་ཡིན་ཡང་བརྒྱུད་དགོས་པས།འགྲུལ་བཞུད་པ་ཞིག་ལ་མཚོན་ན་འགྲུལ་བཞུད་ཀྱི་རྟ་ཁར་གྲིམ་ལྷོད་འཆོར་དུ་འཇུག་མི་རུང་པར།བློ་སྒྲིམ་སྒྲིམ་དང་འགྲོས་དལ་དལ་གྱིས་ཆས་དགོས། གློ་བུར་གློ་བུར་བའི་འཕྲལ་རྐྱེན་མང་པོ་ཞིག་གིས་ཚེ་སྲོག་ཉག་ཕྲ་བ་དེ་དག་རླུང་ལ་མི་སྐུར་བར་གཟབ་ནན་དང་བག་ཕེབས་ངང་ཆས་དགོས།ཚེ་ཡི་འཕེན་པ་མ་རྫོགས་པའི་བར་དུ་ང་ཚོ་ལམ་ནས་བགྲོད་དགོས་པ་འཁོར་བའི་བསྐོས་ཐང་དུ་ངེས།ཡིན་ཡང་། འགྲོ་ཤེས་འདུག་ཤེས་ཀྱི་རྟ་ཁ་རང་ཉིད་ཀྱིས་ལག་ཏུ་ཡོད་ཙ་ན།དེ་ལ་རང་ཉིད་ཀྱིས་ཇུས་གཞི་དང་མནོ་བསམ་ཡང་ཡང་གཏོང་དགོས།ང་ཚོ་འགྲུལ་བཞུད་པ་ཅིག་ལ་མཚོན་ན་རང་སྣང་གང་ཤར་གྱིས་འགྲིམ་འགྲུལ་དོ་དམ་ལ་བརྩི་སྲུང་དང་སྣང་དོག་མ་བྱས་ན་ཡ་ང་བའི་མཇུག་འབྲས་མང་པོ་ཞིག་འབྱུང་བཞིན་འདུགཁ་ལོ་བ་རང་ཉིད་ཀྱི་ཚེ་སྲོག་ཕར་ཞོག དྲོད་ཁོལ་འཁྱིལ་བའི་ཁྱིམ་ཚང་གི་ཕ་མ་དང་བཟའ་ཟླ། གསར་དུ་འཚར་ལོངས་འབྱུང་བཞིན་པའི་བུ་ཕྲུགདེ་ལས་ཀྱང་སྐྱེ་བོ་མང་པོ་ཞིག་གི་ཚེ་སྲོག་ལ་གནོད་སྐྱོན་དང་རྐྱེན་ལམ་དུ་རྫོངས་བཞིན་མཆིས།
འདི་ནས་ཡར་ལ་བརྩིས་པའི་ལོ་གཉིས་ཀྱི་སྔོན་དུ་རང་ཉིད་དང་ཆེས་འདྲིས་ཆེ་བའི་གྲོགས་པོ་ཞིག་འགྲིམ་འགྲུལ་དོན་རྐྱེན་ཁྲོད་ཚེ་ལས་འདས།གཟའ་ཉི་མའི་ངལ་གསོ་ཞིག་ལ་ལས་གྲོགས་འགའ་དང་ལྷན་དུ་སྤྲོ་གསེང་དུ་སོང་སྟེ་ཆང་འཐུང་ནས་ཁམས་གཡེང་བྱས་མཐར།ཕྱིར་ཡུལ་ལ་ལོག་སྐབས་ཀྱི་ལམ་བར་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་ཚེ་སྲོག་ཤོར།ཉི་མ་དེར་ང་རང་གྲོགས་པོ་འགའ་དང་ལྷན་དུ་སྤོ་ལོ་རྩེད་དུ་སོང་བསྡད་ཡོད། ཕྱི་དྲོ་ཞིག་ལ་བསྟན་འཛིན་གྱིས་ཁ་པར་ཐོན་བྱུང།སྐད་གདངས་དམའ་མོས་ཝེ་ཁྱོད་གང་ན་ཡོད།དོན་འགྲུབ་རྒྱལ་ལ་རླངས་འཁོར་དོན་རྐྱེན་བྱུང་སོང་ཟེར།ངས་ཐན་སྐད་དེ་ཐོས་མ་ཐག་ཏུ་ལུས་ཀྱི་བ་སྤུ་གཟེངས་ཀྱང་སེམས་ཀྱི་ཚོར་བ་ཉམས།ང་རང་འཚབ་འཚུབ་ངང་གློ་བུར་དུ་ཡུལ་དངོས་ལ་ཐོན་དུས་མི་ཚོགས་མང་པོས་བསྐོར་འདུག་ལ་དཀྱིལ་དུ་གསལ་ལ་མི་གསལ་པའི་ཁོས་ལུས་ཡོངས་ཁྲག་གིས་བརྫིས་འདུག ང་རང་ཕར་ཉེ་སར་བཏུད་བསམ་ཀྱང་བཏུད་ཐབས་དཀའ་བར་གྱུར།ཕ་མ་དང་བཟའ་ཟླ་བྱིས་པ་དག་གི་ངུ་སྐད་ཀྱིས་གནམ་ས་ཁེངས་ལ།མྱུར་སྐྱོབ་རླངས་འཁོར་གྱི་དུང་སྒྲ་རྣ་བར་གཟན།གློ་བུར་གློ་བུར་དུ་རང་ཉིད་ཀྱང་ཅི་ཡིན་འདི་ཡིན་མི་ཤེས་པའི་ཚོར་འདུ་ཞིག་གིས་ཡོངས་སུ་སྦྲིད།ཆག་ཆག་ཧྲུག་ཧྲུག་ཏུ་བཏང་བའི་རླངས་འཁོར་ལ་བལྟས་ན་འཇིགས་ཡེར་བ་ཞིག་རེད།མདུན་གྱི་འཁོར་ལོ་གཉིས་ཀའང་ཉིས་ལྟེབ་ཏུ་བཏང་འདུག རྒྱ་ལམ་སྟེང་དུ་མཚམས་མེད་བཞུར་བའི་ཁྲག་གི་རི་མོ་རིམ་བཞིན་ཆེ་རུ་བསྐྱེད་དེ་རྒྱ་ཁྱོན་ཇེ་ཆེ་ནས་ཇེ་ཆེར་སོང་།འགྲིམ་འགྲུལ་ཉེན་རྟོག་པ་འགས་པར་ཆས་བླངས་ཏེ་གཡས་གཡོན་སྔུན་གཞུག་པར་མིག་ལ་སྡུད་བཞིན་གནས་ཚུལ་ལ་རྒྱུས་ལོན་བྱེད་ཀྱིན་གདའ།རྒྱ་ལམ་ནང་དུ་ཉལ་འགྲོ་བཞིན་བཞུར་བའི་རླངས་འཁོར་ཆེ་ཆུང་གི་རྒྱུན་དེ་མ་ཐག་ཁེགས་པར་གྱུར།ཁེགས་ཟིན་པའི་རླངས་འཁོར་དག་ལ་ངང་རྒྱུད་རིང་པོ་ཅི་ཡང་མི་འདུག་སྟེ།དུང་སྒྲ་རྣ་བར་གཟན་པ་ཐེབས་མི་འདུག་ལ་སྐྲག་སྣང་གིས་ཡུན་ཙམ་ལ་ངག་ནས་སྐད་ཆ་ཀྱང་མི་བརྡོལ་པར་གྱུར།མི་ཚོགས་མང་པོས་ལྟད་མོ་ཅི་ཞིག་མ་མཐོང་བ་ནང་བཞིན་ཤ་ཐོག་ཏུ་འབུ་འཚང་འཚང་བྱེད་བཞིན་གདའ།བྱིས་པ་གཉིས་ཀྱི་ངུ་སྐད་དང་འགྲོགས་ནས་མི་ཚོགས་ཀྱིས་འུར་ཟིང་ཡང་ཇེ་ཆེར་གྱུར།ཆང་འཐུང་རྗེས་རླངས་འཁོར་བསྐོར་བ་ནི་ཚེ་སྲོག་རྩེད་ཆས་སུ་བྱས་པ་རེད།དེ་ནི་མིག་ཟུང་བཙུམ་ནས་གཡང་ལ་མཆོང་བ་དང་ཅི་ཆ།ཤེས་བཞིན་དུ་དུག་འཐུང་བ་ནང་བཞིན་རེད།
མྱུར་སྐྱོབ་མི་སྣ་རྣམས་ཀྱིས་ནད་པ་ཚབས་ཆེ་བས་མྱུར་མོར་སྨན་ཁང་དུ་ཁྱེར་དགོས་ཟེར།དེ་མ་ཐག་མྱུར་སྐྱོབ་རླངས་འཁོར་ཏུ་བཞག་ནས་དུང་སྒྲ་དང་བཅས་ཁྱེར་ནས་སྨན་ཁང་གི་ཕྱོགས་སུ་མདའ་འཕངས་བ་ལྟར་ཆས་སོང་།སྨན་ཁང་དུ་ཐོན་ནས་ཅུང་མ་འགོར་བར་ཚེ་སྲོག་གི་རྒྱུ་བ་འགག་པའི་སྐད་ངན་ཐོས། དེ་ནི་དངོས་གནས་བློ་ཡུལ་དུ་མི་ཤོང་བའི་དོན་དག་ཅིག་དང་།དང་ལེན་བྱེད་ཐབས་བྲལ་བའི་སྡུག་གི་ན་ཟུག་ཅིག་རེད། ནམ་འཆི་ཆ་མེད། འཆི་རྐྱེན་ངེས་མེད། ལྡོག་ཐབས་མེད་པའི་ལས་དབང་དང་རྐྱེན་དབང་གིས་སྐད་ཅིག་ཅིག་ལ་ཚེ་སྲོག་མང་པོ་ཞིག་འདི་ལྟར་རྨེག་མེད་དུ་བཅོམ་བཞིན་འདུགཉམས་ཆུང་བའི་བྱིས་པ་གཉིས་ཀྱིས་ཁ་ཆུ་སྣ་ཆུ་དྲུད་ནས་ངུ་སྐད་ལས་ཨ་ཕ་ཞེས་འབོད་ཐེངས་རེ་རེར་ནང་སེམས་ཀྱི་བརྩེ་གདུང་ནད་པར་བཏང་། ཕ་མ་དང་བཟའ་ཟླ་བུ་ཕྲུག་དག་གི་ངུ་ཤུམ་གྱིས་ཡུལ་གྱི་གཙང་བོ་བྲུག་ཀྱང་ཚེ་ཡི་ལག་རྟེན་ཆགསྐྱ་ཆད་སྔོ་སྡུག་གི་ལོ་ཟླ་ནག་པོ་ཞིག་ཐོད་དུ་མི་བསུ་ཐབས་མེད་དུ་གྱུར།