ཁུལ་ལས་རིགས་ལག་རྩལ་སློབ་གྲྭས་འཛམ་གླིང་ལས་རིགས་ལག་རྩལ་སློབ་གླིང་གི་ལག་རྩལ་འགྲན་བསྡུར་ཆེན་མོའི་ཁྲོད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ།

《 海南报-藏文 》( 2025年09月24日 第 03 版 )

རང་ཚགས་པར་གྱི་འཕྲིན། ཉེ་ཆར།2025ལོའི་འཛམ་གླིང་ལས་རིགས་ལག་རྩལ་སློབ་གླིང་གི་ལག་རྩལ་འགྲན་བསྡུར་ཆེན་མོའི་རྟིང་རྩོད་འགྲན་བསྡུར་བདེ་བླག་ངང་མཇུག་སྒྲིལ་བ་དང་། ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་འཐུས་ཚབ་རུ་ཁག་གིས་སྨན་རྫས་ཐོན་སྐྱེད་དང་བདག་གཉེར། ནུས་ཁུངས་སྒུལ་ཤུགས་ཀྱི་འགྲན་ལམ་འགྲན་བསྡུར་ཁྲོད་དུ་བྱ་དགའ་ཨང་གཉིས་པ་དང་ཨང་གསུམ་པ་ཐོབ་ནས་ལོ་རྒྱུས་སྟེང་ཕུལ་བྱུང་གྲུབ་འབྲས་བླངས་ཤིང་། ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་འགྲན་བསྡུར་ནང་ཞུགས་པའི་ཚུན་ལ་ཞིང་ཆེན་རིམ་པ་ཡན་གྱི་འགྲན་དོན་ཁྲོད་ཀྱི་ཆེས་བཟང་བའི་གྲུབ་འབྲས་ཀྱི་ཟིན་ཐོ་གསར་པ་བསྐྲུན་པར་མ་ཟད།རྒྱལ་སྤྱིའི་དབང་གྲགས་འགྲན་དོན་གྱི་བྱ་དགའི་སྟོང་ཆ་བསྐངས།འདི་ནི་སློབ་གྲྭའི་སློབ་སྒྲུབ་གྲུབ་འབྲས་གཅིག་བསྡུས་ཀྱིས་མཚོན་པ་ཞིག་དང་དེ་བས་ཀྱང་ཤར་ནུབ་རྒྱུད་ཀྱི་སློབ་གསོ་རོགས་སྒྲུབ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པའི་གསོན་ཉམས་ཀྱི་ལག་ལེན་ཅིག་ཀྱང་ཡིན།

འཛམ་གླིང་ལས་རིགས་ལག་རྩལ་སློབ་གླིང་གི་ལག་རྩལ་འགྲན་བསྡུར་ཆེན་མོ་ནི་སློབ་གསོ་པུའུ་ཡིས་སྣེ་ཁྲིད་བྱས་པའི་སྤྱི་ཕན་རང་བཞིན་གྱི་རྒྱལ་སྤྱིའི་འགྲན་དོན་ཞིག་ཡིན་ལ།ད་བར་དུ་སྐབས17བདེ་བླག་ངང་སྤེལ་ཟིན། ཐེངས་འདིའི་འགྲན་བསྡུར་ལ་གྲ་སྒྲིག་གང་ལེགས་བྱ་ཆེད། མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་སློབ་དག་གིས་དབྱར་གནང་གི་གུང་གསེང་དུས་ཚོད་བེད་སྤྱད་དེ་ཡང་དང་བསྐྱར་དུ་འགྲན་བསྡུར་གྱི་ནང་དོན་འཁྲབ་སྦྱོང་དང་ལག་རྩལ་གྱི་དཀའ་གནད་རེ་རེ་སེལ་ནས། མཐར་ཆེས་བཟང་བའི་ལག་རྩལ་དང་སྤོབས་པས་རང་ཉིད་ལ་དབང་བའི་མཚན་སྙན་ཐོབ།

དུས་ཡུན་རིང་པོར་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭས་མཚོ་ལྷོ་ཁུལ་གྱི་ནུས་ཁུངས་གཙང་མ་དང་བོད་སྨན་སོགས་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་དགོས་མཁོ་ལ་དམིགས་ནས།རྐང་འཛིན་ཁེ་ལས་དང་མཉམ་ལས་གཏིང་ཟབ་བྱས་ཏེ་དངོས་སྦྱོང་རྟེན་གཞི་མཉམ་བསྐྲུན་བྱས་པ་དང་། ལས་གཞི་ནང་འདྲེན་དང་སློབ་ཐུན་གྱི་མ་ལག་ལེགས་བཅོས་བྱས་ནས། སློབ་ཐུན་ཐོན་ལས་ལ་སྦྲེལ་བ་དང་འགྲན་ར་ལས་གནས་ལ་ཕྱོགས་པའི་སྐྱེད་སྲིང་བྱེད་ཐབས་གསར་སྤེལ་བྱས་ཏེ། སློབ་མའི་ལས་རིགས་ལག་རྩལ་དང་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་སུ་བཏང་བ་མ་ཟད། འབྲིང་རིམ་ལས་རིགས་སློབ་གསོ་དང་ས་ཁོངས་ཐོན་ལས་ཀྱི་དགོས་མཁོའི་སྦྲེལ་ཚད་ཇེ་དམ་དུ་བཏང་ནས། ས་གནས་འཕེལ་རྒྱས་དང་འཚམ་པའི་ལས་རིགས་སློབ་གསོའི་མ་ལག་ཞིག་བཙུགས་ཡོད་པ་རེད།

ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅི་ཚེ་རིང་དོན་འགྲུབ་ཀྱིས་བཤད་རྒྱུར།2025ལོར་ངེད་སློབ་གྲྭའི་རུ་ཁག32མཚོ་སྔོན་ཞིང་ཆེན་ལས་རིགས་སློབ་གླིང་གི་ལག་རྩལ་འགྲན་བསྡུར་ནང་དུ་ཞུགས་ནས་བྱ་དགའ་ཨང་དང་པོ་ལྔ་དང་ཨང་གཉིས་པ4། ཨང་གསུམ་པ16གི་གྲུབ་འབྲས་གཡུར་དུ་ཟ་བ་བླངས། འདི་ནི་སློབ་གསོའི་འཇོན་མི་སྡེབ་སྒྲིག་ཚོགས་པའི་རོགས་སྐྱོར་ལམ་ལུགས་དང་མཚོ་སྔོན་ལས་རིགས་སློབ་གསོ་གཏིང་ཟབ་ཀྱིས་བཅོས་བསྒྱུར་བྱས་པ། ས་གནས་ཐོན་ལས་འཕེལ་རྒྱས་ལ་ཞབས་ཞུ་བསྒྲུབ་པའི་མཚོན་རྟགས་ཤིག་ཡིན།ངེད་སློབ་གྲྭས་ཐེངས་འདིར་འགྲན་བསྡུར་གོ་སྐབས་སུ་བཟུང་ནས། ཐོན་ལས་དང་སློབ་གསོ་མཉམ་འདྲེས་ལ་ཤུགས་སྣོན་དང་འཇོན་མི་སྐྱེད་སྲིང་གི་རྣམ་པ་མུ་མཐུད་དུ་གསར་སྤེལ་བྱས་ཏེ།རང་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཡོང་བར་བྱས་རྗེས་ཆེན་པོ་འཇོག་རྒྱུ་ཡིན་ཟེར།།