《མཚོ་ལྷོ་ཁུལ་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་ འཛུགས་སྐྲུན་སྲོལ་ཡིག》ཟླ10པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

《 海南报-藏文 》( 2025年09月24日 第 02 版 )

རང་ཚགས་པར་གྱི་འཕྲིན།ཟླ9པའི་ཚེས17ཉིན་གྱི་སྔ་དྲོར།《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་སྲོལ་ཡིག》འགྲེམ་སྤེལ་གྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་དེ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་འཚོགས་ཤིང་།ཁུལ་གྱི་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་བའི་ཆེད་དོན་ཚན་ཁག་གི་ཁོངས་མིའི་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་དང་།མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དང་མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སོགས་ཞིང་ཆེན་དང་ཁུལ་གྱི་གསར་འགྱུར་སྨྱན་སྦྱོར་སྡེ་ཁག་གི་གསར་འགོད་པ་སོགས་ཁྱབ་སྤེལ་ཚོགས་འདུར་ཞུགས་ཡོད།

མཚོ་ལྷོ་ཁུལ་གྱིས་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུ་དེ2022ལོའི་ཟླ7པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་དང་། དེ་ནི་ནུབ་བྱང་གི་ཞིང་ལྗོངས་ལྔ་དང་རྒྱལ་ཡོངས་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་ཁྲོད་ཀྱི་དཔེ་སྟོན་ཁུལ་གཅིག་པུ་ཡིན།གཙང་བོའི་མགོ་ཁུངས་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་མཐོའི་འཕེལ་རྒྱས་ཐབས་ལམ་འཚོལ་བའི་རྒྱལ་ཁབ་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ཡོད།《སྲོལ་ཡིག》དེར་ཁྱོན་བསྡོམས་ལེའུ་བདུན་དང་དོན་ཚན་ལྔ་བཅུ་ང་བཞི་ཡོད་དེ།སྤྱིའི་དོན་ཚན།སྐྱེ་ཁམས་སྲུང་སྐྱོང་བཅོས་སྐྱོང་། སྐྱེ་ཁམས་ཐོན་ལས་འཕེལ་རྒྱས། དམངས་ཚིས་ལས་དོན་འཕེལ་རྒྱས། ཚན་རིག་ལག་རྩལ་གསར་གཏོད་ཀྱི་འདེགས་སྐྱོར།འགན་སྲུང་དང་ལྟ་སྐུལ། ཞར་བཀོད་དོན་ཚན་སོགས་ཀྱི་ནང་དོན་འདུ། 2025ལོའི་ཟླ10པའི་ཚེས1ཉིན་ལག་བསྟར་བྱ་རྒྱུ་ཡིན།《སྲོལ་ཡིག》འདིའི་ནང་དོན་གཙོ་བོ་ནི་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་ཐུན་མོང་འཕེལ་རྒྱས་ལ་ཁྲིམས་ལུགས་ཀྱི་བཀག་རྒྱ་བྱས་ཏེ། དཔེ་སྟོན་ཁུལ་གྱི་ལག་ལེན་དེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་ལུགས་གསར་གཏོད་བྱ་བར་བསྒྱུར་ནས་སྐྱེ་ཁམས་དང་ཐོན་ལས། འཚོ་བ་བཅས་ཀྱི་འཁོར་བསྐྱོད་ལེགས་པོ་ཡོང་བར་འབད་དགོས་ཤིང་།ཁྲིམས་སྐྱོང་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་ཁག་ཐེག་དང་གསར་གཏོད་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་དང་སྤུས་མཐོའི་འཕེལ་རྒྱས་མཉམ་དུ་མདུན་བསྐྱོད་ཐུབ་པ་བཅས་ལ་སྐུལ་འདེད་བྱས་ཏེ། རྒྱལ་ཡོངས་རིགས་འདྲའི་ས་ཁུལ་ལ་སྤྱོད་འཐུས་དང་ཁྱབ་གདལ་བྱེད་ཐུབ་པའི་མཚོ་ལྷོའི་མ་དཔེ་མཁོ་འདོན་བྱ་རྒྱུ་རེད།

མཚོ་ལྷོ་ཁུལ་གྱིས《སྲོལ་ཡིག》ལག་བསྟར་བྱ་རྒྱུ་དེ་གོ་སྐབས་སུ་བཟུང་ནས།དྲིལ་བསྒྲགས་སྒྲོག་འགྲེལ་གཏིང་ཟབ་བྱས་ནས་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་གྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་ནས《སྲོལ་ཡིག》དེ་རིམ་པ་སོ་སོའི་ཏང་ཨུའི(ཏང་ཙུའུ)རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ནང་དོན་གཙོ་བོའི་ནང་བཞག་སྟེ། ཞིང་ཆེན་དང་ཁུལ་གྱི་སྨྱན་སྦྱོར་སྡེ་ཁག་ལ་བརྟེན་ནས་དབང་གྲགས་གསལ་འགྲེལ་དང་ཆེད་དོན་འཕྲིན་སྤེལ་བྱས་ཏེ།དྲིལ་བསྒྲགས་ཁེབས་ཚད་དང་མང་ཚོགས་ཀྱིས་ཤེས་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ་སྤྱི་ཚོགས་ཧྲིལ་བོར་མི་ཚང་མས་སེམས་ཁུར་དང་། རྒྱབ་སྐྱོར། ཟབ་ཞུགས་བྱེད་པ་བཅས་ཀྱི་དཔེ་སྟོན་ཁུལ་སྐྲུན་པའི་རྣམ་པ་བཏོད་རྒྱུ་དང་། ལྟ་སྐུལ་ཕན་འབྲས་འདྲི་རྩད་དང་འགན་སྲུང་སྲོལ་ཡིག་ཡུན་ཕན་འཁོར་སྐྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས།《སྲོལ་ཡིག》ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། སྲིད་གཞུང་གི་ལྟ་སྐུལ་དོ་དམ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ།མང་ཚོགས་ཟབ་ཞུགས་བྱེད་པ་བཅས་ཀྱི་ལྟ་སྐུལ་སྡོམ་ཤུགས་ཆགས་པར་བྱ་དགོས། དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་ཚུལ་ལ་རྗེས་སྙེག་སྐུལ་འདེད་བྱེད་པ་དང་།《སྲོལ་ཡིག》རྒྱུན་མཐུད་དང་འོས་འཚམ་ངང་འཕེལ་རྒྱས་གཏོང་བའི་དགོས་མཁོར་སྐུལ་འདེད་དང་།ལག་བསྟར་དང་ལྟ་སྐུལ།དག་ཐེར་འཐུས་ཚང་དུ་གཏོང་བ་བཅས་ཀྱི་འཁོར་རྒྱུག་བཟང་པོ་ཆགས་པར་བྱས་ནས། དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་ཡུན་རིང་བརྟན་བརླིང་ཡིན་པའི་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱ་དགོས་སོ།