ཀརྨ་ཕུན་ཚོགས་ཀྱིས་གུང་ཧོ་དང་ཞིན་ཧེ་རྫོང་གི་གཙོ་གནད་བྱ་བར་རྟོག་ཞིབ་བྱས་པ།

《 海南报-藏文 》( 2025年09月24日 第 01 版 )

རང་ཚགས་པར་གྱི་འཕྲིན། ཉེ་སྔོན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་འཁོར་དང་བཅས་པས་གུང་ཧོ་རྫོང་དང་ཞིན་ཧེ་རྫོང་དུ་དཔལ་འབྱོར་འཁོར་སྐྱོད་དང་ལས་གཞི་འཛུགས་སྐྲུན།གྲོང་གསེབ་དར་སྤེལ་བཅས་ཀྱི་བྱ་བ་གཙོ་བོར་རྟོག་ཞིབ་བྱས་པར་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས་ནས་བྱ་བའི་སྙན་ཞུར་གསན་པ་དང་ལས་འགན་གཙོ་བོ་བཀོད་སྒྲིག་བྱས་ཤིང་།བྱ་བ་གཙོ་བོ་དང་དཀའ་གནད་ལ་གཞིགས་ནས་འཕེལ་རྒྱས་དང་དག་ཐེར་ལེགས་བཅོས་ལ་སྐུལ་འདེད་བཏང་ནས། ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བ་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་བསྟན།

གུང་ཧོ་རྫོང་ཐང་སྐར་མ་གྲོང་རྡལ་བྲག་དཀར་སྡེ་བའི་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ལས་གཞིའི་ས་ཚིགས་དང་ཞིན་ཧེ་རྫོང་རྣམ་རྒྱལ་སྐྱེ་ཁམས་ཞིང་ཕྱུགས་ཚན་རྩལ་ཚད་ཡོད་ཀུང་ཟི།དེ་མིན་རྩི་གོར་ཐང་གྲོང་རྡལ་ཆོས་བཟང་སྡེ་བའི་གླ་བ་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་བཅས་སུ་ཀརྨ་ཕུན་ཚོགས་ཀྱིས་མ་དངུལ་འཇོག་པ་དང་དོ་དམ་འཁོར་སྐྱོད།ཐོན་སྐྱེད་ཕྱིར་འཚོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་རྗེས།ཁོས་ཞིང་ལས་ལ་ཕན་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ།ཁྱད་ཆོས་ལྡན་པའི་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་སྐུལ་འདེད་བཏང་སྟེ། བསྟུད་མར་མང་ཚོགས་ཀྱི་ལས་ཞུགས་དང་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་སུ་འགྲོ་བར་འགན་སྲུང་བྱ་དགོས་ཞེས་བསྟན།

གུང་ཧོ་རྫོང་བཙོག་ཆུ་གཙང་བཤེར་ས་ཚིགས་ཀྱི་ལས་གཞིའི་ཡུལ་དངོས་སུ་ཀརྨ་ཕུན་ཚོགས་ཀྱིས་རྨོ་ཞིང་གཞན་བསྒྱུར་གྱི་ལྡོག་འདྲེན་གནད་དོན་དག་ཐེར་ལེགས་བཅོས་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས། ཁོས་ས་ཚིགས་ཀྱི་ལངས་ཕྱོགས་དང་མ་མཐའི་མཚམས་ཐིག་དམ་སྲུང་བྱེད་པ། ཁྲིད་སྟོན་ནན་མོ་བྱེད་པ། ལས་ཀའི་འགན་འཁྲི་དང་དག་ཐེར་ལེགས་བཅོས་ཀྱི་བྱེད་ཐབས་ལག་བསྟར་དངོས་འབེབས་བྱས་ཏེ།གནད་དོན་དག་ཐེར་ལེགས་བཅོས་བཟང་བོ་བྱ་དགོས་པ་དང་། གུང་ཧོ་རྫོང་དུམ་པའི་སྡོང་འཛུགས་ནགས་སྐྲུན་ཡུལ་དངོས་དང་ཞིན་ཧེ་རྫོང་བྱ་ནང་ཆུ་མཛོད་ལས་གཞིའི་ཡུལ་དངོས་སུ་ཀརྨ་ཕུན་ཚོགས་ཀྱིས་འཆར་གཞི་འགོད་པ་དང་།ཨར་ལས་ཀྱི་འཕེལ་རིམ།སྒྲིག་བཀོད་ཆ་ཚང་སོགས་ཀྱི་གནས་ཚུལ་གྱི་ངོ་སྤྲོད་ལ་གསན་རྗེས།ཁོས་ནགས་ཁུལ་གྱི་རྒྱུན་ལྡན་དོ་དམ་དང་ཆུ་མཛོད་འཛུགས་སྐྲུན་གྱི་འཕེལ་རིམ་ལ་ཤུགས་བསྣན་ཏེ་བཟོ་སྐྲུན་སྤུས་ཀ་དང་བདེ་འཇགས་ཐོན་སྐྱེད་བྱ་བར་དམ་འཛིན་བྱས་ནས། རྒྱུ་སྤུས་ལེགས་ཤིང་མང་ཚོགས་ཀྱི་ཡིད་ཚིམ་པའི་དཔེ་གཞིའི་བཟོ་སྐྲུན་ཞིག་ཧུར་ཐག་སྒོས་འཛུགས་སྐྲུན་བྱ་དགོས་ཞེས་བསྟན།

བཞུགས་མོལ་ཚོགས་འདུ་འཚོག་སྐབས་ཀརྨ་ཕུན་ཚོགས་ཀྱིས་གུང་ཧོ་དང་ཞིན་ཧེ་རྫོང་གི་ད་ལོའི་ཚུན་གྱི་བྱ་བ་གཙོ་བོར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། དུས་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས་ཤིང་། ཁོས་དཔལ་འབྱོར་བཀོད་གཏོང་ཞབས་ཞུར་ཤུགས་བརྒྱབ་ནས་དཔལ་འབྱོར་གྱི་གནས་བབ་ལ་དུས་བཅད་ལྟར་དབྱེ་ཞིབ་དང་བརྡར་ཤ་གཅོད་པ།གནད་དོན་འབུར་ཐོན་ཅན་དུས་ལྟར་ཐག་གཅོད་བྱས་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ནུས་ཤུགས་ཡོད་རྒུས་འགྲུབ་པར་བྱ་དགོས་ལ།ལས་གཞིར་མ་དངུལ་འཇོག་པ་དང་།བཟོ་ལས་ཐོན་སྐྱེད་བྱེད་པ།འཛད་སྤྱོད་དར་སྤེལ་གཏོང་བ་སོགས་ཀྱི་བྱ་བར་དམ་འཛིན་བྱས་ཏེ།ཁུལ་ཡོངས་ཀྱི་དཔལ་འབྱོར་བརྟན་པོའི་ངང་འཕར་སྣོན་ཡོང་བར་འདེགས་སྐྱོར་བཟང་བོ་བྱ་དགོས།བདེན་འཚོལ་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དར་སྤེལ་དང་འགལ་བར་གདོང་གཏད་ཕོད་པར་བྱས་ཏེ།ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དང་།གྲོང་གསེབ་དར་སྤེལ།ཁྲིམས་འགལ་གྱིས་ས་ཞིང་སྤྱོད་པ་སོགས་ཀྱི་ལྡོག་འདྲེན་གནད་དོན་དག་ཐེར་ཡོ་བསྲང་བྱེད་པར་ཕན་འབྲས་ཐོན་པར་འགན་ལེན་བྱ་དགོས།བདེ་འཇགས་ཐོན་སྐྱེད་དང་འབྲུབ་འགོག་བྱ་བ་ལེགས་པར་བསྒྲུབ་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱས་ཏེ། ཁྱབ་ཁོངས་གཙོ་བོ་དང་གཙོ་གནད་ས་ཁུལ་ལ་གཞིགས་ནས་བྱུར་རྐྱེན་གྲལ་བཤེར་དང་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་ནས་ཉེན་ཁ་དེ་ཐོག་མའི་དུས་རིམ་དང་།བྱུར་རྐྱེན་ཡོད་ཚད་མགོ་ཁུངས་ནས་ཐག་བཅད་ནས་ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱ་དགོས་ཞེས་བསྟན།